ལོ་རྒྱུས་ཀྱི་དཔང་པོ་ལྷ་སའི་ཇོ་བོ།

 ནགས་ཤོད་རིག་རལ།

 དགྱ་དང་བོད་གཉིས་ཆེས་སྔ་མོའི་དུས་ནས་རྒྱལ་ཁབ་སོ་སོ་ཡིན་པའི་དཔང་པོ་ཞིག་འཚོལ་དགོས་བྱུང་ན་ལྷ་སའི་ཇོ་བོ་ལས་ལྷག་པ་ཞིག་ས་གསུམ་ན་བཙལ་ཀྱང་རྙེད་རྒྱུ་མེད། དེ་ནི་ཇོ་བོ་གང་དེ་བོད་པ་ཡོངས་ཀྱི་དད་པའི་ཆུ་མོ་མདོ་གཅིག་ཏུ་འགྲིལ་ས་ཡིན་པའི་རྐྱེན་གྱིས་མ་ཡིན་ལ། བོད་པ་མི་རེ་ངོ་རེའི་སེམས་སུ་ཇོ་བོ་ལ་རྨ་མེད་པའི་དུང་བ་རེ་ཡོད་པའི་རྐྱེན་གྱིས་ནི་དེ་བས་མ་ཡིན། ང་ཚོས་ལྷ་སའི་ཇོ་བོ་འདི་ཉིད་དུས་གསུམ་རྗེན་པར་གཟིགས་པའི་ལྷ་ཡི་ཁྲི་སྟེགས་མཐོན་པོ་དེ་ནས་མར་གདན་འདྲེན་པ་དང་། ངུར་སྨྲིག་ཆོས་གོས་བཀླུབས་ཤིང་དགུང་ལོ་༢༠༠༠ཡན་ལ་སོན་པའི་དགེ་སློང་ཞིག་ལ་བརྩིས་ཏེ། རྒྱ་གར་ནས་དགྱ་ནག་དང་། དགྱ་ནག་ནས་བོད་ལ་ཕེབས་པའི་རིང་གི་མཐོང་ཐོས་ཡོད་ཚད་བཀའ་འདྲི་ཞུ་སྐལ་བྱུང་ན། ཇོ་བོ་འདིས་དགྱ་བོད་གཉིས་ཆེས་སྔ་མོའི་དུས་ནས་རྒྱལ་ཁབ་ཁག་ཁག་ཡིན་པའི་ར་སྤྲོད་གསལ་པོ་བྱེད་སྲིད། སྲོང་བཙན་རྟ་དམག་གི་རྨིག་སྒྲས་ཐང་རྒྱལ་པོའི་གྲོང་ཁྱེར་སིག་སིག་དུ་འདར་མྱོང་ཡོད་པ་ཇོ་བོས་མངོན་སུམ་དུ་གཟིགས་མྱོང་ཡོད་ལ། ཐང་རྒྱལ་ཁབ་དང་བོད་རྒྱལ་ཁབ་བར་དུ་གཡུལ་མི་ཡོང་བའི་ཆེད་དུ་ཀོང་ཇོ་བོད་ལ་བརྫངས་ཤིང་རྟེན་དུ་རང་ཉིད་ཕུལ་བའི་ལོ་རྒྱུས་ཀྱི་རི་མོ་དེ་དག་ཀྱང་ཇོ་བོའི་ཐུགས་ལས་ཡལ་ག་ལ་སྲིད། སྐབས་དེ་དུས་དགྱ་ནག་ཐང་གི་གྲོང་ཁྱེར་ནས་བོད་ཁ་བ་ཅན་དུ་བསྐྱོད་རྒྱུ་ནི་དེ་ལྟར་ལས་སླ་མོ་ཞིག་མིན་ལ། མགར་སྟོང་བཙན་གྱིས་རུ་སྣེ་ཁྲིད་བཞིན་པའི་ཉམས་དང་། སྟག་སེང་དོམ་སྤྱང་གི་པགས་པ་ལུས་ལ་དཀྲིས་པའི་ཕོ་རྒོད་དེ་ཚོའི་ཧབ་བགད། ད་དུང་ཡུལ་དང་བྲལ་མི་འདོད་པའི་ཀོང་ཇོའི་ཕྱི་མིག་དང་མིག་ཆུ་དེ་དག་ཇོ་བོས་བརྗེད་ག་ལ་ཐུབ། དྲང་པོར་བཤད་ན། སྐབས་དེ་དུས་ཇོ་བོས་ཀྱང་ཀོང་ཇོ་དང་ལྷན་དུ་སྤྱན་ཆབ་འགའ་སིལ་ཡོད་སྲིད་ལ། དེ་ནི་དགྱ་ནག་དར་གྱི་ལུང་པ་ནས་བོད་པགས་རིགས་གྱོན་པའི་ཡུལ་དུ་ཕེབས་དགོས་པའི་རྐྱེན་གྱིས་མ་ཡིན་པར། དགྱ་ནག་གི་གདུལ་བྱ་ད་དུང་སེམས་རྩིང་རྒོད་དུ་ལུས་པའི་རྐྱེན་གྱིས་ཡིན་ངེས་རེད། ཡིན་ནའང་བོད་རྒྱལ་ཁབ་ཀྱི་དམག་སྟོབས་ནི་གླིང་ཆེན་འགུལ་ནུས་པའི་ཚད་དུ་སླེབས་པས་ཐང་རྒྱལ་པོས་ཀྱང་བོད་རྒྱལ་ཁབ་ལ་བག་མ་བཏང་ནས་ལོ་འགའ་ཤས་ཀྱི་ཞི་བདེ་ཉོ་དགོས་པའི་ཚད་ལ་སླེབས་ཡོད། ཇོ་བོས་སེམས་རྩིང་རྒོད་དུ་ལུས་པའི་དགྱ་མི་བསམས་ན་ཕྱི་བལྟས་སློག་དགོས་པ་ཞིག་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་ཞི་བདེ་དང་སེམས་ཅན་ཁྲི་ཕྲག་མང་པོའི་ཚེ་སྲོག་ལ་བསམས་ན་མགར་སྟོང་བཙན་གྱི་དཔུང་དང་། འུན་ཤིང་ཀོང་ཇོ་ལྷན་དུ་ཆེས་རིང་བའི་འགྲུལ་བཞུད་དེ་མི་བརྒྱུད་ཀ་མེད་རེད། དེ་ལྟར་ན་དགྱ་ནག་གི་རྒྱལ་ས་ནས་བོད་ཀྱི་རྒྱལ་ས་བར་དུ་ལོ་དང་ཟླ་བ་མཐུད་ནས་འགྲུལ་བཞུད་བྱེད་བཞིན་པའི་ནམ་ཟླ་རིང་མོའི་ནང་ལྷ་སའི་ཇོ་བོས་ཀོང་ཇོ་ལ་གདུང་སེམས་མཉམ་སྐྱེད་ཅིག་ནི་བྱས་ཡོད་ངེས་རེད་ལ། རང་ཉིད་དང་ཀོང་ཇོ་བོད་ལ་སླེབས་པའི་ཉིན་མོ་དེ་ནས་བཟུང་དགྱ་བོད་བར་དུ་དམག་མི་དགོས་ཤིང་། སོ་སོའི་ལུང་པར་སོ་སོ་དགའ་སྐྱིད་དཔལ་དུ་རོལ་ཆོག་པའི་འདུན་པ་ཞིག་ནི་ཐུགས་སུ་འཆང་ཡོད་ངེས་རེད། ང་ཚོས་རྡུལ་གྱིས་གཡོགས་པའི་ལོ་རྒྱུས་ཀྱི་ལམ་བུ་རིང་མོར་ཕྱི་མིག་བལྟས་ན་ཡང་། ཇོ་བོ་ཤྰཀྱ་མུ་ནེ་རྒྱ་གར་ནས་དགྱ་ནག་དང་། སླར་ཡང་དགྱ་ནག་ནས་གངས་རི་རྭ་བས་བསྐོར་བའི་ཡུལ་ལྗོངས། རང་གི་ཕ་ཡུལ་དང་ཆེས་ཐག་ཉེ་བའི་ས་ཆ། མི་རྣམས་ཐུགས་རྒྱུད་དྲང་ལ་ལྷག་བསམ་དཀར་བའི་བོད་རྒྱལ་ཁབ་འདིར་ཞབས་ཟུང་བཀོད་པ་མཐོང་ཐུབ། ཀོང་ཇོ་དང་ལྷན་དུ་ཞི་བདེའི་མེ་ཏོག་བསྣམས་བཞིན་བོད་ཁ་བར་ཅན་དུ་ཕེབས་བཞིན་པའི་སྐབས་སུ། ཇོ་བོའི་སྐུ་ལས་འཕྲོ་བའི་འོད་ཟེར་དང་། ཀོང་ཇོའི་ས་རུ་ལྷུང་བའི་མིག་ཆུ། མགར་སྟོང་བཙན་གྱི་རྟ་ཕོའི་རྨིག་སྒྲ་དང་། ད་དུང་འགྲུལ་བཞུད་ལམ་གྱི་ཚ་ཕོག་རྒྱག་ས་དེ་དག་ཀྱང་དུས་ཀྱི་ཁུག་པ་ཞིག་གམ་བར་སྣང་གི་ངོས་ཤིག་ལ་ལུས་ནས་ཡོད་ངེས་རེད། ལྷ་སར་འབྱོར་རྗེས་རྒྱལ་པོ་སྲོང་བཙན་སྒམ་པོས་ཇོ་བོ་ལ་ཆེད་དུ་ལྷ་ཁང་ཞིག་བཞེངས་པ་དང་མིང་ལ་ཡང་དགྱ་བཏབ་ར་མོ་ཆེ་ཞེས་གསོལ། སྐབས་དེ་དུས་ཇོ་བོ་ཞལ་ཤར་དུ་ཕྱོགས་ཡོད་པ་དང་ཐུགས་སུ་ཡང་ང་རང་རྒྱ་གར་དུ་སྐྱེས། དགྱ་ནག་ལ་བསྐོར། ད་ནི་བོད་ཁ་བ་ཅན་གྱི་ལྗོངས་འདིར་གནས་ཆགས་སོང་དགོངས་ཡོད་ངེས་རེད། འོན་ཀྱང་ཕྱིས་སུ་ཐང་རྒྱལ་པོས་སྲོང་བཙན་སྒམ་པོ་གྲོངས་པ་ཧ་གོ་རྗེས་མི་ཐུབ་བཞིན་དུ་བོད་ལ་དམག་བཏང་ཡང་མཚོ་སྔོན་ཕྱོགས་ན་བོད་དམག་དང་འཐབ་ནས་ཕམ་མོད། འོན་ཀྱང་དམག་གི་དུས་སུ་གཏམ་འཆལ་གང་ཡང་ཁྱབ་སྲིད་པ་བཞིན། སྐབས་དེར་ལྷ་སར་ཡང་དགྱ་དམག་བོད་དུ་སླེབས་ན་ཇོ་བོ་མར་འཕྲོག་འགྲོ་སྲིད་ཟེར་བའི་གླེང་སློང་བྱུང་བས་ཇོ་བོ་དགྱ་བཏབ་ར་མོ་ཆེ་ནས་བཏོན་པ་དང་། ལྷ་ལྡན་གཙུག་ལག་ཁང་ན་གདན་དྲངས་པ་མ་ཚད། ལྷོ་སྒོ་མེ་ལོང་ཅན་དུ་སྦས་མྱོང་ཡོད། ཇོ་བོ་ནི་འདི་ལྟར་བོད་གངས་ཅན་དུ་དུས་ཀྱི་ཆུ་མོ་འགྲིམས་ནས་ཆས་ཡོང་བ་རེད། བོད་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས་སུ་བོད་ཀྱི་མངའ་ཐང་སྲིད་པའི་རྩེ་རུ་སྙེག་པ་དང་། ཆབ་སྲིད་ཀྱི་རྒྱ་ཁྱོན་ནི་ཨེ་ཤ་ཡའི་སུམ་ཆ་གཉིས་ལ་ཁྱབ་པ་མ་ཚད། བོད་འབངས་མ་ཡིན་པའི་མཐའ་བཞིའི་རྒྱལ་ཕྲན་དེ་དག་གིས་ཀྱང་བོད་ལ་ཁྲལ་འབུལ་བའི་གནས་ཚུལ་དེ་དག་ཇོ་བོས་གཟིགས་མྱོང་ལ། བོད་རྒྱལ་ཁྲི་རལ་སྐབས་སུ་བོད་དང་དགྱ་གཉིས་ཕན་ཚུན་དམག་མི་རྒྱག་པར་སླར་ཡང་མནའ་བསྐྱལ་བ་མ་ཚད། “རྒྱ་རྒྱ་ཡུལ་ན་སྐྱིད། བོད་བོད་ཡུལ་ན་སྐྱིད།”ཅེས་དགྱ་དམག་བོད་ལ་མི་ཡོང་། བོད་དམག་དགྱ་ལ་མ་ཡོང་ཟེར་བའི་མནའ་ཚིག་དེ་དག་རྡོ་རིང་ལ་བྲིས་ནས་ལྷ་སའི་ཇོ་ཁང་གི་མདུན་དུ་བསླངས་པ་དང་། སྐབས་དེ་དུས་ནམ་མཁའི་ལྷ་དང་། འོག་གི་ཀླུ། བར་གྱི་བཙན། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བྱང་སེམས་ཀུན་གྱིས་དཔང་པོ་བྱས་པ་མ་ཚད། བོད་ཀྱི་རྒྱལ་པོ་དང་བློན་པོ། དགྱའི་རྒྱལ་པོ་དང་བློན་པོ་དེ་དག་གི་མིང་ཡང་རྡོ་རིང་སྟེང་དུ་བཀོད་ནས་ནམ་ནམ་ཞག་ཞག་མནའ་ཚིག་མི་བོར་པའི་དམ་བཅས་པ་ཡང་ཇོ་བོས་གཟིགས་མྱོང་ཡོད། ད་དུང་ལྷ་ལུང་དཔལ་རྡོར་གྱིས་ཇི་ལྟར་བཙན་པོ་དར་མ་ལ་ལྐོག་མདའ་འཕངས་ཚུལ་དང་། བཙན་པོའི་གདུང་རྒྱུད་འཁྲུགས་ནས་མར་མེའི་འོད་ཀྱིས་སྲུང་མྱོང་བའི་འོད་སྲུངས་ཀྱི་སྙིང་གི་འཕར་སྒྲ་ཡང་ཇོ་བོས་ཚོར་མྱོང་ཡོད། དེ་དག་གིས་ཀྱང་ག་ལ་ཚད། ཇོ་བོ་འདིས་སྲོང་བཙན་སྒམ་པོས་བོད་བློན་ཡོངས་ལ་བཀའ་ལུང་འབེབས་བཞིན་པའི་ཟིལ་དང་། མགར་གྱི་སྲས་པོ་དག་གིས་སྣེ་འཁྲིད་ནས་རུ་དམག་རྣམས་དྲག་རྩལ་སྦྱོང་བཞིན་པའི་ཉམས། ད་དུང་སྤུངས་ཟད་ཀྱི་གཡོ། མགར་གྱི་གྲུང་། ཐོན་མིའི་མཛངས། དམ་ཚིག་མི་བརྟན་པའི་བློན་པོ་འགའ་རེའི་ལྐོག་ལབ། བཙུན་མོ་རྣམས་ཀྱི་མིག་སེར་དང་འགྲན་སྔ་ཆགས་སྡང་སོགས་གངས་ཅན་ལྗོངས་སུ་བྱུང་བའི་གནས་ཚུལ་ཅི་དང་ཅི་རིགས་པ་མ་གཟིགས་པ་ཞིག་ག་ལ་ཡོད། གལ་ཏེ་ཁྱེད་ཀྱིས་ད་ལྟ་ཡང་ལྷ་སའི་ཇོ་བོའི་སྤྱན་གྱི་གཟིགས་ཕྱོགས་དེད་ནས་ཕྱི་ལ་ཐོན་ན། ཇོ་ཁང་མདུན་གྱི་རྭ་སྐོར་ནང་འགྱིང་བའི་གནའ་བོའི་རྡོ་རིང་དེ་ད་དུང་མཐོང་རྒྱུ་ཡོད་ལ། མནའ་ཡིག་དེ་དག་ཀྱང་གསལ་གསལ་ཐིང་ཐིང་དུ་བཀློག་རྒྱུ་ཡོད། ཇོ་བོས་གནའ་བོའི་རྡོ་རིང་འདི་ལ་གཟིགས་ནས་མི་ལོ་༡༢༠༠ལྷག་ཙམ་ཕྱིན་པ་དང་། མི་ལོ་འདི་ཙམ་རིང་བའི་ནང་དུ་བསྒྱུར་མི་གཏུབ་བའི་གནའ་བོའི་ལོ་རྒྱུས་དང་བདེན་པ་རི་མོར་བཀོད་པ་དེ་དག་དུས་ཀྱི་ཆར་རླུང་ཁྲོད་དུ་ཟུབ་ཐུབ་མེད་ལ། མི་ལོ་འདི་ཙམ་རིང་བའི་ནང་དུ་ལྷ་སའི་ཇོ་བོ་འདིས་རྡོ་རིང་འདི་ལ་སྤྱན་འབྱེད་འཛུམ་ཙམ་ཡང་མེད་པར་གཟིགས་ནས་བཞུགས་ཡོད། ད་ལྟའི་དུས་སུ་དམར་ཤོག་སྲིད་གཞུང་འདིས་བོད་པ་རྣམས་ལ་ཀྲུང་གོ་ནི་ང་ཚོའི་མེས་རྒྱལ་ཡིན་ཞེས་རྫུན་བཤད་འཇུག་པ་དང་། སྲོང་བཙན་ནི་མེས་རྒྱལ་ཀྲུང་གོ་ལ་དགའ་བའི་རྒྱལ་གཅེས་པ་ཞིག་རེད་ཅེས་གཟུགས་མེད་གྲིབ་བཟོ་བྱེད་སྐབས་ལྷ་སའི་ཇོ་བོ་ཁོང་དགོད་ཤོར་ངེས་ཡིན་ལ། བོད་ནི་གནའ་བོའི་དུས་ནས་བཟུང་དགྱ་ནག་ལ་དབང་བ་ཡིན་ཟེར་སྐབས་གུང་ཁྲན་ཏང་གི་ཧམ་པ་ལ་སངས་རྒྱས་ཀྱི་ཐུགས་ཀྱིས་ཀྱང་དཔོག་དཀའ་བ་མ་ཟད། བྱང་བུའི་སྣེ་རུ་སྲིང་བལ་བརྒྱངས་ནས་རིང་ཐུང་བཟོས་རྗེས་ཇོ་བོའི་སྤྱན་མདུན་དུ་པཎ་ཆེན་རྫུན་མ་ངོས་འཛིན་བྱེད་སྐབས་ཤ་ཁྲག་ལས་མ་གྲུབ་པའི་དབུ་དེ་ཡང་སྙུང་ཡོད་ངེས་རེད། གང་ལྟར་ཀྱང་དམར་ཤོག་སྲིད་གཞུང་འདི་ཉིད་ལོ་རྒྱུས་འཁྱོག་པོར་སྨྲ་བ་ལ་ཇི་ཙམ་མཁས་ན་ཡང་། ཉི་མ་ནི་ཚ་བ་དང་ཟླ་བ་ནི་བསིལ་བ་ཡིན་པའི་ཆོས་ཉིད་ལ་སུས་ཀྱང་བསྙོན་མི་ཐུབ་པ་བཞིན་འདས་ཟིན་པའི་ལོ་རྒྱུས་ལ་སུ་ཞིག་གིས་ཀྱང་འཁྱོག་བཤད་བྱེད་མི་ཐུབ། ཇོ་བོ་འདི་ཡང་དགྱ་བཏབ་ར་མོ་ཆེ་ནས་ཐོན་མི་དགོས་པར་ཐོན་པ་དང་། ར་ས་གཙུག་ལག་ཁང་དུ་བཞུགས་ནས་ད་བར་དུ་རྡོ་རིང་འདི་ལ་གཟིགས་བཞིན་ཡོང་བ་ཡང་ལོ་རྒྱུས་ཀྱིས་མི་རྣམས་ལ་ལོ་རྒྱུས་བསྒྱུར་ཏུ་མི་གཏུབ་པའི་བདེན་དཔང་བསྩལ་བ་ཞིག་ཀྱང་ཡིན་ངེས་གཏན་རེད། འདི་ལྟར་ན་ཇི་སྲིད་ལྷ་སའི་ཇོ་བོ་བཞུགས་པའི་རིང་དུ་དགྱ་དང་བོད་གཉིས་ཆེས་གནའ་བོའི་དུས་ནས་རྒྱལ་ཁབ་ཁག་ཁག་ཡིན་པའི་དོན་དངོས་དེར་བསྙོན་འདེངས་མི་ཐུབ་ལ། ཇི་སྲིད་ལྷ་སའི་ཇོ་བོ་ལ་བོད་པ་རྣམས་ཀྱིས་དད་པ་བྱེད་པའི་རིང་དུ་དེ་སྲིད་བོད་པ་རྣམས་ཀྱིས་རང་གི་མེས་པོའི་རྒྱལ་ཁབ་བརྗེད་ག་ལ་སྲིད།

 

ཀརྨ་བསམ་གྲུབ་ལ་ཉེས་པ་མེད་པའི་དཔང་རྟགས།

ནགས་ཤོད་རིག་རལ།images[5]

  ད་རེས་ཀརྨ་བསམ་གྲུབ་བཀག་ཉར་བྱས་ནས་ཡུན་རིང་མ་འགོར་བར་ཁོང་གི་ལོ་རྒྱུས་གཙོ་བོར་བྲིས་པའི་གཟི་ཡི་རྒྱལ་པོ་ཞེས་པའི་དཔེ་དེབ་དེ་རྒྱ་གཞུང་ནས་བསྡུ་གསོག་བརྒྱབ་འདུག  དེབ་དེ་ནི་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་བཏོན་པ་དང་། བྲི་མཁན་ཡང་རྒྱ་མི་ཡིན་པ་བཅས་ཐོག་མར་དེབ་དེ་མངལ་ནས་ལྷུང་བ་ལ་དཀའ་ངལ་གང་ཡང་འཕྲད་མེད་མོད།  འོན་ཀྱང་རྒྱ་གཞུང་ནས་ཀརྨ་བསམ་གྲུབ་སླར་ཡང་འཇུས་པ་དང་། ཁོང་གི་སྐེ་ལ་རལ་གྲི་ཁྲག་ཅན་འཕྱར་བཞིན་པའི་དུས་དེར་གློ་བུར་དུ་དེབ་དེ་བཙན་བཀག་གཏོང་དོན་གང་ཡིན་ནམ།  ངའི་བློ་ལ་དྲི་བ་འདི་ཤར་མྱོང་ཡོད་མོད། མང་ཆེ་བར་དེ་ནི་རྒྱ་གཞུང་གིས་མི་ལ་མ་དགའ་བྱུང་ཚེ་དེབ་ལ་ཡང་མ་དགའ་བ་རེད་བསམ་བྱུང་།  ཕྱིས་སུ་དཔེ་དེབ་དེ་གློག་ཡིག་ཐོག་ནས་བཀླག་རྒྱུ་བྱུང་བས་རྒྱ་གཞུང་གིས་དེབ་དེ་བཙན་བཀག་གཏོང་དོན་ལ་ཡང་གོ་བ་གསར་པ་ཞིག་བྱུང་།

2010ལོའི་ཟླ་6ཚེས་24ཉིན་ཀརྨ་བསམ་གྲུབ་ཀྱིས་ཁྲིམས་ཁང་ནང་དུ། “མཁྲིས་ནད་ཅན་གྱིས་གངས་རི་སེར་པོར་མཐོང་མོད་གངས་རིའི་ཁ་མདོག་དཀར་པོ་ཡིན་པའི་གནས་ལུགས་ལ་སུས་ཀྱང་འགྱུར་བ་གཏོང་ཐུབ་ཀྱི་མ་རེད་”ཅེས་དང་།  “སྨྱོན་པ་ཁྱུ་ཞིག་གིས་མི་མ་སྨྱོ་བ་ཞིག་ལ་ཁྱོད་སྨྱོན་པའོ་ཅེས་བརྗོད་ནའང་མི་དེ་སྨྱོན་པར་བསྒྱུར་ཐུབ་ཀྱི་མ་རེད་”ཅེས་བཤད་ནས་རང་གི་བདེན་པ་རྩོད་འདུག  སྐད་ཆ་དེ་དག་གོ་དུས་གཟི་ཡི་རྒྱལ་པོ་ཞེས་པའི་དཔེ་ཆའི་ནང་ཀརྨ་བསམ་གྲུབ་ཕྱོགས་གཡས་གཡོན་དུ་ཚོང་ལ་འགྲོ་བཞིན་པའི་ནམ་ཞག་ཕྲེང་བའི་ནང་དེབ་དཀར་གཙོས་པའི་ལྗགས་རྩོམ་ལུས་དང་འབྲལ་མེད་འཁྱེར་བ་རེད་ཟེར་བ་དེ་དག་ཡང་བདེན་པ་ལོས་ཡིན་བསམ་པ་ཞིག་འདུག 

  ད་རེས་རྒྱ་གཞུང་གིས་ཀརྨ་བསམ་གྲུབ་ལ་བཀལ་བ་ནི་ལོ་12གོང་ནས་དཀར་འདོན་བྱས་ཚར་བའི་དུར་སྔོག་གི་ཉེས་པ་དེ་རེད། ཉེས་པ་དེ་ཐོག་མ་ནས་ཀརྨ་བསམ་གྲུབ་ལ་མ་ཉེས་ཁ་གཡོགས་བྱས་པ་རེད་ལ།  སྐབས་དེ་དུས་དག་སེལ་བྱས་ཚར་བ་མ་ཚད།  འདས་པའི་ལོ་12རིང་དུ་ལབ་རྒྱུ་གླེང་རྒྱུ་གང་ཡང་བྱུང་མེད།   གཟུགས་མེད་གྲིབ་བཟོ་ལྟ་བུའི་ཉེས་པ་དེ་ཐོག་མར་1998ལོར་ཁོང་གི་མགོ་ཐོག་ཏུ་ལྷུང་བ་དང་འབྱུང་ལུགས་འབྱུང་སྟངས་འདི་ལྟར་ཡིན་པར་འདུག

 དེ་ཡང་1998ལོའི་གོང་ནས་ཀརྨ་བསམ་གྲུབ་ལ་རིག་དངོས་གཅེས་ཉར་དང་ཉོ་ཚོང་ལག་ཁྱེར་ཡོད་པ་དང་། རྒྱ་བོད་ཡུ་གུར་གཙོས་པའི་ས་ཆ་མང་པོ་ཞིག་ལ་ཚོང་རྒྱག་པར་འགྲོ་ཡི་ཡོད་འདུག  1998ལོར་ཁོང་རང་ཡུ་གུར་དུ་སླེབས་སྐབས་ནམ་རྒྱུན་ལྟར་ཨ་པོ་ལི་རྫི་ཟེར་བའི་ཡུ་གུར་བ་ཞིག་གིས་གཉེར་བའི་རིག་དངོས་ཚོང་ཁང་དེའི་ནང་དུ་ཕྱིན།  ཨ་པོ་ལི་རྫིས་ཀརྨ་ཚོང་པ་ཆེན་པོ་ཡིན་པ་ཤེས་ཀྱི་ཡོད་པས་ཚོང་ཁང་གི་སྦུག་ནས་ཅ་དངོས་རྙིང་པ་འགའ་ཞིག་བཏོན་རྗེས་ཀརྨ་ལ་མིག་བསྟན།  ས་གདན་ཧྲལ་ཧྲུལ་ཞིག་གི་ཐོག་ཏུ་བོད་ཀྱི་རི་མོ་ཡོད་པས་ཀརྨ་བསམ་གྲུབ་དགའ་པོ་བྱུང་། འོན་ཀྱང་ཀརྨས་དེ་དག་ཉོ་བར་བྲེལ་བ་མ་བྱས་པར་ཨ་པོ་ལི་རྫིའི་ས་ནས་ཅ་དངོས་དེ་དག་གི་དཔེ་རས་ཧྲུག་འགའ་གཙོས་པའི་དངོས་རྫས་དྲུག་བླངས་རྗེས་པེ་ཅིང་ལ་ཁྱེར་ནས་རིན་ཐང་ཅན་ཡིན་མིན་བརྟག་དཔྱད་བྱས་རྗེས་ཉོ་མིན་ཐག་གཅོད་རྒྱུ་བྱས་ནས་ས་དེ་ནས་ཐོན་འདུག  དོན་དངོས་ཐོག་ཅ་དངོས་དེ་དག་ནི་ཨ་པོ་ལི་རྫི་གཙོས་པའི་མི་ལྔས་དུར་ས་བསྔོགས་ནས་བྱུང་བ་ཡིན་འདུག  ཀརྨ་ལོག་པའི་རིང་དུ་ཁོང་ཚོ་མི་ལྔ་ལས་གསུམ་ཁ་མཐུན་ནས་མི་གཞན་གཉིས་པོར་ཅ་དངོས་དེ་དག་བོར་སོང་བ་དང་ཁོང་གཉིས་ཀྱིས་བརྐུས་སོང་བ་རེད་ཅེས་བཤད། དེ་ལྟར་མི་གཉིས་པོ་དེ་ཁོང་ཁྲོ་ལངས་ནས་ཉེན་རྟོག་པ་ལ་ཁ་པར་བརྒྱབ་པར་བརྟེན་ཁོང་ཚོ་ཚང་མ་འཇུས།  ཉེན་རྟོག་པས་ཁོང་ཚོ་ལ་ཚ་འདྲི་བྱེད་སྐབས་ཁོང་ཚོས་ཅ་དངོས་འགའ་ཞིག་ཀརྨ་བསམ་གྲུབ་ལ་བཙོངས་པ་ཡིན་ཞེས་བཤད།  ཉེན་རྟོག་པས་ཀརྨ་ཚོང་པ་ཆེན་པོ་ཡིན་པ་ཧ་གོ་རྗེས་ཨ་པོ་ལི་རྫི་སོགས་ལ་ཁ་པར་བརྒྱབ་བཅུག་པ་དང་། མྱུར་དུ་ཡུ་གུར་ལ་ཡོང་ན་ཅ་ལག་ཡག་པོ་འཚོང་རྒྱུ་ཡོད་བཤད།  ཀརྨ་ཡང་རིག་དངོས་དཔྱད་བཤེར་བའི་ས་ནས་གྲུ་ཙི་དེ་དག་གནའ་རྫས་སྤུས་མ་ཡིན་པ་ཧ་གོ་བས་ཀོ་ཁུག་ནང་དུ་རྒྱ་སྒོར་ཁྲི་བཞི་ཅུ་ལྷག་བཅུག་ནས་ཡུ་གུར་ལ་ཐོན་ཕྱིན་འདུག  སྐབས་དེ་དུས་ཨུ་རུམ་གྲོང་ཁྱེར་གྱི་གནམ་ཐང་དུ་རྒྱ་མིའི་ཉེན་རྟོག་པ་རྣམས་ཀྱིས་ཀརྨ་སྒུག་ནས་བསྡད་པ་དང་། གནམ་ཐང་དུ་སླེབས་པ་དང་ཀརྨའི་རྐང་ལག་རེ་ལ་རྒྱ་མི་ཉེན་རྟོག་པ་རེ་འཐམས་ནས་འཇུས་འདུག  ཉེན་རྟོག་པ་དེ་དག་གིས་ཀརྨ་ལ་རྒྱག་རྡུང་འདྲི་རྩད་བྱས་ཀྱང་ཀརྨས་ཁས་ལེན་རྒྱུ་གང་ཡང་བྱུང་མི་འདུག མཐའ་མ་ཉེན་རྟོག་པས་ཨ་པོ་ལི་རྫི་འཁྲིད་ཡོང་བ་དང་། ཨ་པོ་ལི་རྫིས་ངུ་བཞིན་དུ་ཀརྨ་ལ་ཁས་ལེན་རོགས་བཤད།  ཀརྨས་ཨ་པོ་ལི་རྫི་ལ་གཤེ་གཤེ་གཏོང་བཞིན་དུ་ངས་ཁས་ལེན་རྒྱུ་ཅི་ཡོད། ངས་ཁྱོད་རང་གི་ས་ནས་ཁྱེར་བ་ནི་མ་དཔེ་འགའ་ཞིག་རེད། དེ་དག་དགོས་ན་ངས་གྲོགས་པོ་བོས་ནས་འདི་རུ་འཁྱེར་ཡོང་ཆོག་བཤད།  ཕྱིས་སུ་ཀརྨ་བསམ་གྲུབ་ཀྱིས་ཁ་པར་བརྒྱབ་པ་ལྟར་གྲོགས་པོས་ཅ་དངོས་དེ་དག་ཡུ་གུར་ལ་འཁྱེར་ཡོང་འདུག  ཉེན་རྟོག་པ་རྣམས་ཀྱིས་པར་ཆས་གྲ་སྒྲིག་བྱས་པ་དང་། ཅ་དངོས་དེ་དག་པར་དུ་བླངས་ནས་ཁོ་རང་ཚོའི་བྱས་རྗེས་ངོམ་དགོས་བསམས།  འོན་ཀྱང་ཅ་དངོས་དེ་དག་ས་ལ་བཤམས་སྐབས་ཉེན་རྟོག་པ་རྣམས་ཡིད་ཐང་ཆད་འདུག  རས་ཧྲུལ་གཙོས་པའི་ཤིང་དམ་དུམ་འགའ་ཞིག་རེད། ཅ་དངོས་འདི་དག་རེད་དམ་ཞེས་ཉེན་རྟོག་པས་ཨ་པོ་ལི་རྫི་ལ་དྲི་སྐབས།  ཨ་པོ་ལི་རྫིས་རེད་ཅེས་ལན་བརྒྱབ།  ཉེན་རྟོག་པས་ད་གཟོད་ཀརྨ་དང་ཁོང་ཚོའི་དུར་སྔོག་བར་ལ་འབྲེལ་བ་མེད་པ་ཤེས་པ་དང་། ཀརྨ་ལ་རིག་དངོས་ཉོ་ཚོང་ལག་ཁྱེར་ཡོད་པར་བརྟེན་ཁ་སྐྱེངས་པར་གྱུར་འདུག 

ཕྱིས་སུ་བོད་སྐྱོར་ཐེབས་རྩ་ཚོགས་པས་གདན་འདྲེན་ཞུས་པའི་ཁྲིམས་རྩོད་པ་ཞིག་དང་ཁོང་གི་གྲོགས་པོ་མཉམ་དུ་ས་དེར་ཡོང་ནས་བཤད་རེས་བྱས་མཐར།  ཉེན་རྟོག་པས་ཀརྨར་སྒོར་ཁྲི་བཞིའི་གཏའ་དངུལ་བཞག་ཏུ་བཅུག་རྗེས་གློད་དཀྲོལ་བཏང་།  ཀརྨ་རང་ཁྱིམ་དུ་ལོག་ནས་དུས་ཚོད་ཅུང་ཙམ་ཕྱིན་རྗེས་སླར་ཡང་ཡུ་གུར་དུ་ཡོང་སྟེ་ཉེན་རྟོག་པས་གཞུང་བཞེས་བཏང་བའི་སྒོར་ཁྲི་བཞི་ཅུ་དང་། གཏའ་དངུལ་སྒོར་ཁྲི་བཞི་ལེན་པར་ཕྱིན་འདུག  ཉེན་རྟོག་པས་དངུལ་དེ་དག་གཏན་ནས་སློག་རྩིས་མེད་པ་དང་། ཀརྨ་བསམ་གྲུབ་ཀྱིས་ཐབས་ཇུས་སྣ་ཚོགས་འཐེན་ནས་ཡུ་གུར་དུ་ཐེངས་བཅུ་གཅིག་ཕྱིན་ཏེ་ཨུ་ཚུགས་མཐའ་སྐྱེལ་བྱས་པར་བརྟེན་ཁོ་པ་སླར་ཡང་བཙོན་ཁང་ནང་གཟའ་འཁོར་གཅིག་བཅུག་འདུག  ཕྱིས་སུ་ཉེན་རྟོག་པས་ཀརྨ་ལ་གཏའ་དངུལ་སྒོར་ཁྲི་བཞི་པོ་དེ་དང་གཟི་བྱུར་སྐེ་རྒྱན་བསློགས་པ་ཕུད། ད་དུང་ཡོང་ན་ཡང་བསྐྱར་བཙོན་དུ་འཇུག་གི་ཡིན་བཤད་ལ། བུ་ལོན་གཞན་པ་འདེད་པར་མི་ཡོང་རྒྱུའི་མནའ་བསྐྱལ་བཅུག་པ་དང་། ཉེན་རྟོག་པ་རྣམས་ལ་གྱོད་རྒྱག་མི་ཡོང་ཞེས་ཡི་གེ་འབྲི་རུ་བཅུག་རྗེས་བཙོན་ཁང་ནས་བཏང་འདུག ངོ་མ། ཁ་དང་ཞལ་ཐུག་དུས་མི་སེར་ཕམ་རྒྱུ་ལས་ཅི། 

གལ་སྲིད་སྐབས་དེ་དུས་ཀརྨ་བསམ་གྲུབ་ལ་ཉེས་པ་ཡོད་ན་སྒོར་ཁྲི་བཞི་བཅུ་དང་གཟི་བྱུར་འགའ་ཤས་ཆེད་དུ་ཡང་ནས་ཡང་དུ་ཉེན་རྟོག་པ་དང་གཏུག་རེས་བྱེད་མི་སྲིད་དེ། རྒྱུ་ནོར་དེ་ཙམ་ཞིག་ནི་ཁོ་རང་གི་ངོས་ནས་བཤད་ན་ཆུང་ཆུང་ཡིན་ལ།  མི་སུ་ཡིན་ཡང་སྐེ་འཁྱེར་ནས་ཞགས་པ་ཉོ་ག་ལ་སྲིད།  འོན་ཀྱང་བརྙས་བཅོས་གཟེད་མི་འདོད་པའི་གཤིས་ཀ་དང་བདེན་པ་རྩོད་འདོད་པའི་སྤོབས་པ་དེ་དག་གིས་ཉེན་རྟོག་པ་དང་ཡང་ཡང་གཏུག་རེས་བྱས་འདུག 

མི་རྣམས་ལ་ད་དུང་དོགས་པ་འདི་འདྲ་ཡང་ཡོང་བ་སྟེ།  ཀརྨ་བསམ་གྲུབ་ཀྱིས་ཁོང་གི་སྤུན་མཆེད་གཉིས་ལ་ཁྲིམས་རྩོད་པ་གླས་ནས་གྱོད་གཏུག་བྱེད་བཞིན་པའི་སྐབས་སུ་ཁོང་གི་མགོ་ལ་ཉེས་པ་དེ་སླར་ཡང་ལྷུང་དོན་གང་ཡིན་ནམ།  ཀརྨ་བསམ་གྲུབ་ཀྱིས་ཨ་རིའི་ཚོང་པ་ཆེན་པོ་ཞིག་དང་མཉམ་དུ་ལྷ་ས་རུ་མགྲོན་ཁང་ཆེན་པོ་ཞིག་འཛུགས་པར་གྲབས་གཤོམ་བྱེད་བཞིན་པའི་སྐབས་སུ་ཉེས་པ་དེ་བཀལ་ནས་བཀག་ཉར་བྱེད་དོན་གང་ཡིན་ནམ། ད་དུང་ཀརྨས་ཁོར་ཡུག་ཙམ་མ་ཚད། གཟི་གཙོས་པའི་བོད་ཀྱི་རིག་དངོས་རྣམས་ཀྱི་རིན་ཐང་ལ་སྲུང་བཞིན་པའི་སྐབས་སུ་ཁོང་གི་མགོ་ཐོག་ཏུ་ཉེས་པ་དེ་སླེབས་དོན་གང་ཡིན་ནམ།  གཟི་ཡི་རྒྱལ་པོ་ཞེས་པའི་དཔེ་དེབ་འདི་ཚར་གཅིག་བཀླགས་ན་ཀརྨ་བསམ་གྲུབ་ཀྱི་མགོ་ཐོག་ཏུ་ལྷུང་བའི་ཉེས་པ་འདི་དག་ནི་མ་ཉེས་ཁ་གཡོགས་ཡིན་པ་དང་། རྒྱ་ནག་གཞུང་ནས་དཔེ་དེབ་འདི་བཙན་བཀག་གཏོང་དོན་ཡང་བདེན་པ་དེ་དག་འགེབས་པའི་ཆེད་དུ་ཡིན་པ་གསལ་པོ་རེད་འདུག

གཞན་ཡང་།  རྒྱ་གཞུང་ནས་བཀྲམ་པའི་ཉེས་ཆད་ཁྲིམས་ཡིག་ནང་ཀརྨ་བསམ་གྲུབ་ལ་1998ལོར་དུར་སྔོག་གི་ཉེས་པ་ཡོད་པ་དང་།  དེ་རིང་2010ལོར་སླར་ཡང་ཉེས་པ་བསགས་པ་ཞེས་སྐད་ཆ་འགོ་མཇུག་མ་མཐུན་པ་ཞིག་བཤད་ཡོད་པ་མ་ཚད།  ཉེས་ཆད་ཁྲིམས་ཡིག་མགོ་ནས་མཇུག་བར་བཀླགས་ན་ཁྲིམས་ལ་རྒྱུས་མེད་པའི་མི་ཞིག་གིས་ཀྱང་སྐྱོན་དང་སྔ་ཕྱིའི་འགལ་བ་མང་པོ་ཞིག་མཐོང་རྒྱུ་འདུག དེ་ནི་ཀརྨ་བསམ་གྲུབ་ཀྱིས་ཁྲིམས་རྭར།  “ཉེན་རྟོག་པས་ངོ་མ་རྫུན་ཞིག་བཟོ་དགོས་བསམས་ན། འདྲ་ཆགས་པོ་ཞིག་བཟོས་ན་ལེགས། གལ་སྲིད་ག་ས་གང་ནས་རྫུན་གྱི་ཨི་ཁུང་བརྡོལ་ན་མི་རྣམས་དགོད་བྲོ་བ་མ་ཚད་ཁྱོད་རང་ཚོ་ངོ་ཚ་ཁ་སྐྱེངས་ཡོང་གི་རེད་”ཟེར་བ་དེ་ཅིས་མི་བདེན།

<!–རིག་རལ།–>

རུ་ཁེ་ཀརྨ་བསམ་འགྲུབ་ཀྱི་ལོ་རྒྱུས་མདོར་བསྡུས།

སྒྲོལ་དཀར་མཚོ་མོས་བྲིས།  ནགས་རལ་གྱིས་བསྒྱུར།

 

 

 

འོད་ཟེར་དྲ་བ་ནས་དྲངས། འོད་ཟེར་དྲ་བ་ནས་དྲངས།

 

སྐྱེས་པ།  བོད་རིགས།  1968ལོར་བོད་ཆབ་མདོ་གོ་འཇོ་རྫོང་དུ་སྐྱེས།

 

1993ལོར་བོད་ཆབ་མདོ་གོ་འཇོ་རྫོང་དུ་སྒེར་གྱིས་མ་རྩ་བཏང་ནས་ཟམ་པ་བཅུ་གྲངས་བསྐྱར་སྐྲུན་བྱས་པ་དང་ས་དེ་གའི་སློབ་ཆུང་ཐོག་མ་དེ་བཙུགས།

 

1997ལོར་བོད་སྐྱོར་ཐེབས་རྩ་ཚོགས་པར་ཞུགས་པ་དང་ལོ་དེ་གར་བོད་སྐྱོར་ཐེབས་ཚོགས་ཀོང་ཏུང་ལས་དོན་ཁང་བཙུགས།

 1998ལོར་བོད་ཆབ་མདོ་གོ་འཇོ་རྫོང་དུ་ཞིང་འབྲོག་མང་ཚོགས་ལ་སྨན་བཅོས་འགན་ལེན་བཟོ་བར་རོགས་སྐྱོར་བྱས།

 

1998ལོར་པེ་ཅིང་རིག་དངོས་ཅུས་ཀྱིས་བཙུགས་པའི་ཤར་ཕྱོགས་གནའ་རྫས་གཅེས་ཚགས་པའི་མཐུན་ཚོགས་ཀྱི་ཚོགས་མིར་གྱུར།

 

1999ལོར་ཀོང་ཏུང་དུ་བོད་སྨན་ཆེད་འཚོང་ཁང་ཐོག་མ་དེ་བཙུགས།

 

2000ལོར་ཁོར་ཡུག་སྲུང་སྐྱོབ་ཐུབ་ཕྱིར། བོད་ཆབ་མདོ་གོ་འཇོ་རྫོང་གི་ཞིང་འབྲོག་མང་ཚོགས་ལ་ཉི་ཐབ་ཉོ་བར་རོགས་དངུལ་སྤྲད་ནས། ནགས་ཚལ་གཅོད་ཚད་ཉུང་དུ་བཏང་བ་དང་། ཕྱིས་སུ་རྒྱལ་ཁབ་ནས་བྱེད་ཐབས་དེར་རྒྱབ་སྐྱོར་བྱས་ནས་འབྲི་ཆུའི་སྟོད་ཁུལ་དུ་ལག་ལེན་རྒྱ་ཆེན་པོ་བྱས།

 

 2000ལོར་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་བཙུགས་པའི་རྒྱལ་ཁབ་རིམ་པ་དང་པོའི་ཆེད་ལས་སྤྱི་ཚོགས་ཚོགས་པ་”རྒྱ་ནག་ཡིག་རིས་གཅེས་ཚགས་པ་མཐུན་ཚོགས་“ཀྱི་ཚོགས་མིར་གྱུར།

 

2000ལོར་“རྒྱ་ནག་གཅེས་ཚགས་པ་མཐུན་ཚོགས་”ཀྱི་ཚོགས་མིར་གྱུར།

 

2001ལོར་“རང་བྱུང་ཁམས་ཀྱི་མཐུན་གྲོགས་”ཀྱི་ཚོགས་མིར་གྱུར།

 

2001ལོར་བོད་རང་སྐྱོང་ལྗོངས་ངལ་རྩོལ་དཔེ་བཟང་དུ་བདམས།

 

2001ལོར་རྨ་རྫ་འབྲི་གསུམ་ཆུ་འགོ་ཁུལ་ཁོར་ཡུག་སྲུང་སྐྱོབ་འཕེལ་རྒྱས་ཚད་ཡོད་འགན་ཁུར་ཚོང་གཉེར་ཁང་བཙུགས་པ་དང་སྤྱི་ཁྱབ་གཙོ་འཛིན་པའི་འགན་འཁུར།

 

2001ལོར་རྨ་རྫ་འབྲི་གསུམ་ཆུ་འགོ་ཁུལ་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་བཙུགས་པ་དང་ཚོགས་པའི་ཁྲིམས་མི་དང་དྲུང་ཡིག་ཆེན་མོ་བྱས།

 

2001ལོར་མ་རྩ་བཏང་ནས་བོད་ཆབ་མདོ་རི་དུང་བོད་སྨན་ཞིབ་བཟོ་ལྟེ་གནས་ལ་GMPདངོས་དཔང་ཁས་ལེན་ཐོབ་པར་རོགས་རམ་བྱས།

 

2002ལོར་རྨ་རྫ་འབྲི་གསུམ་ཆུ་འགོ་ཁུལ་ཁོར་ཡུག་སྲུང་སྐྱོབ་ཚོགས་པའི་སྐུ་ཚབ་གནང་ནས་འཛམ་གླིང་ཧྲིལ་པོའི་ཁོར་ཡུག་ཐེབས་རྩ་GEFཁོངས་ཞུགས་རྒྱལ་ཁབ་ཀྱི་ཚོགས་ཆེན་ལ་ཞུགས་པ་དང་། སྲོལ་རྒྱུན་རིག་གནས་སྣ་མང་ཅན་གྱི་གལ་ཆེའི་རང་བཞིན་རྒྱས་བཤད་གནང་བ་དེར་འཛམ་གླིང་ཁོར་ཡུག་སྲུང་སྐྱོབ་ཁོངས་ནས་ཁས་ལེན་དང་རྒྱབ་སྐྱོར་ཤུགས་ཆེན་ཐོབ།

 

2003ལོར་མཉམ་འབྲེལ་རྒྱལ་ཚོགས་ནས་གདན་ཞུས་ལྟར་འཛམ་གླིང་ཞི་བདེ་ཉིན་མོའི་ཅོང་རྡུང་མཛད་སྒོར་ཞུགས།

 

2004ལོར་མཉམ་འབྲེལ་རྒྱལ་ཚོགས་ནས་གདན་ཞུས་ལྟར་འཕེལ་རྒྱས་ཡུན་བརྟན་ལྷན་ཚོགས་ཀྱིས་ཚོགས་འདུ་བཅུ་གཉིས་པར་ཞུགས།

 

 2004ལོར་རྒྱ་གར་ནས་གདན་ཞུས་ལྟར་འཛམ་གླིང་སྤྱི་ཚོགས་གླེང་སྟེགས་ལ་ཞུགས།

 

2005ལོར་ཧོང་ཀོང་ཀྲུང་ཤིང་ཐོན་ཁུངས་མ་རྩ་ཚད་ཡོད་ཚོང་གཉེར་ཁང་གི་སྤྱི་ཁྱབ་གཙོ་འཛིན་པ་ཀོ་ཡན་བོད་དུ་འཚམས་འདྲི་ལམ་ལྷོང་ཡོང་བར་བསྐུལ་ལ། འཛམ་བུ་གླིང་དུ་ཁྱབ་པའི་མུ་ཁྱུད་མགྲོན་ཁང་ཆེས་ཐོག་མ་དེས་མ་རྩ་བཏང་ནས་གངས་ལྗོངས་མཐོ་སྒང་དུ་སྐར་ལྔ་རིམ་གྲས་ཀྱི་མགྲོན་ཁང་དངོས་སུ་བཙུགས་པར་རང་ནུས་གང་ཡོད་བཏོན།

 

2007ལོར་བོད་ལྗོངས་གཟི་བྱུར་རིག་གནས་ཁྱབ་སྤེལ་ཚད་ཡོད་ཚོང་གཉེར་ཁང་བཙུགས་པ་དང་གཙོ་འཛིན་པའི་འགན་འཁུར།

 

2008ལོར་ཧོང་ཀོང་དུ་ཀརྨ་རྒྱལ་སྤྱི་ཁོར་ཡུག་རིག་གནས་འཕེལ་རྒྱས་ཚད་ཡོད་ཚོང་གཉེར་ཁང་བཙུགས་པ་དང་གཙོ་འཛིན་པའི་འགན་འཁུར།

 

ཀརྨ་བསམ་འགྲུབ་ཀྱི་གོ་གནས་ཁག

 

ཀརྨ་རྒྱལ་སྤྱི་ཁོར་ཡུག་རིག་གནས་འཕེལ་རྒྱས་ཚད་ཡོད་ཚོང་གཉེར་ཁང་གི་གཙོ་འཛིན་པ།

 

 བོད་ལྗོངས་གཟི་བྱུར་རིག་གནས་ཁྱབ་སྤེལ་ཚད་ཡོད་ཚོང་གཉེར་ཁང་གི་གཙོ་འཛིན་པ།

 

 རྨ་རྫ་འབྲི་གསུམ་ཆུ་འགོ་ཁུལ་ཁོར་ཡུག་སྲུང་སྐྱོབ་འཕེལ་རྒྱས་ཚད་ཡོད་ཚོང་གཉེར་ཁང་གི་གཙོ་འཛིན་པ།

 

 མཚོ་སྔོན་རྨ་རྫ་འབྲི་གསུམ་ཆུ་འགོ་ཁུལ་ཁོར་ཡུག་སྲུང་སྐྱོབ་ཚོགས་པའི་རྒྱུན་ལས་ཚོགས་གཞོན།

 

 བོད་སྐྱོར་ཐེབས་རྩ་ཚོགས་པའི་ཀོང་ཏུང་ལས་གཉེར་ཁང་གི་འགོ་འཛིན་གཞོན་པ།

 

 ཤར་ཕྱོགས་གནའ་རྫས་གཅེས་ཚགས་པ་ཚོགས་པའི་ཚོགས་མི།

 

 རྒྱ་ནག་ཡིག་རིས་གཅེས་ཚགས་པ་ཚོགས་པའི་ཚོགས་མི།

 

རང་བྱུང་ཁམས་ཀྱི་མཐུན་གྲོགས་ཀྱི་ཚོགས་མི།

 

འོད་ཟེར་ལགས་ཀྱི་མཆན།

 

 ཁ་གསབ། ཀརྨ་བསམ་འགྲུབ་ད་དུང་པེ་ཅིང་མི་རིགས་གཙུག་ལག་སློབ་ཆེན་གྱི་རིན་ཆེན་གཅེས་ནོར་ཞིབ་འཇུག་སློབ་གླིང་ནས་མགྲོན་འབོད་དགེ་རྒན་ཆེ་མོ་བར་གདན་འདྲེན་ཞུས་ཡོད།

 

 ཀརྨའི་ཆུང་མ་སྒྲོལ་དཀར་མཚོ་མོས་རང་གི་ཟིན་བྲིས་བཙན་བཀག་ཐེངས་གཉིས་བཏང་བའི་རྗེས་བསྐྱར་དུ་ཟིན་བྲིས་གསར་པ་ཁ་ཕྱེ་ནས་རྩོམ་འདི་བཞག་འདུག འདི་ནི་རུ་ཁེ་ཀརྨ་བསམ་འགྲུབ་མ་ཉེས་ཁ་གཡོགས་ཀྱིས་བཙོན་དོང་དུ་འཕེན་པ་དང་ཁྲིམས་ཆད་ལྕི་མོ་མ་བཅད་གོང་གི་ལོ་རྒྱུས་རེད།

 

 བསྒྱུར་མཆན།  སྒྲོལ་དཀར་མཚོ་མོས་རྩོམ་འདིའི་མིང་ལ་ཟླ་བོའི་ལོ་རྒྱུས་མདོར་བསྡུས་ཅེས་བྲིས་འདུག   འོད་ཟེར་དྲྭ་བ་ནས་བསྒྱུར།

 

ད་ལྟ་རྒྱ་ནག་ནས་བཙན་བཀག་བཏང་ཚར་བའི་དཔེ་དེབ་གཟི་ཡི་རྒྱལ་པོ་ཞེས་པ་ལས་ཤེས་རྟོགས་བྱུང་བ་ལྟར་ན། ད་ལྟ་ཀརྨ་བསམ་འགྲུབ་ཀྱིས་གཅེས་ཉར་བྱས་པའི་རིག་དངོས་8000ལྷག་ཡོད་པ་དང་། མང་པོ་ཞིག་ནི་འཛམ་གླིང་ན་བསེ་རུའི་ར་ལྟར་གཅིག་རང་ལས་མེད་པས་རིག་དངོས་རྩ་ཆེན་ཡིན་པར་འདུག  ཁོང་ཉིད་བཙོན་དུ་མ་བཅུག་གོང་། ཁོང་གིས་ལྷ་ས་རུ་བོད་ཀྱི་རིག་དངོས་བཤམས་མཛོད་ཁང་ཆེན་པོ་ཞིག་འཛུགས་པར་གྲབས་གཤོམ་བྱེད་བཞིན་པའི་སྒང་རེད། དེབ་འདི་གཟིགས་འདོད་ན།  《གཟི་ཡི་རྒྱལ་པོ།》 http://is.gd/d54dk འདི་ན་ཡོད།

 

ཀརྨས་ཁྲིམས་གཏུག་མུ་མཐུད་བྱེད་ཀྱི་ཟེར།

ནགས་ཤོད་རིག་རལ།

  2010ལོའི་ཟླ་6ཚེས་24ཉིན་རྒྱ་གཞུང་ནས་ཀརྨ་བསམ་གྲུབ་ལ་ཉེས་མེད་ཉེས་འགེལ་བྱས་ནས་ལོ་བཅོ་ལྔའི་བཙོན་ཆད་བཅད་མོད།  ཁོང་གིས་ཁྲིམས་ས་རང་ལ་ཁྲིམས་ཐག་དེར་མོས་མཐུན་མེད་པ་དང་། དེ་ནི་མི་དཀར་ལ་ཞྭ་ནག་གཡོགས་པ་ཡིན་པས། མུ་མཐུད་གོང་ལ་ཁྲིམས་གཏུག་བྱས་ནས་རང་གི་བདེན་པ་རྩོད་ཀྱི་ཡིན་ཞེས་བཤད་འདུག   ཀརྨ་བསམ་གྲུབ་ཀྱིས་ཁྲིམས་ཁང་ནང་དུ། སྤྱིར་ང་རང་སློབ་གྲྭ་ཆུང་བ་ཡང་འགྲིམས་མྱོང་མེད་ཀྱང་ཕ་ཡུལ་དུ་མ་རྩ་བཏང་ནས་སློབ་གྲྭ་ཐོག་མ་འཛུགས་མཁན་དེ་ཡིན་ལ།  ཁྱོད་ཚོས་ང་ལ་གནའ་དུར་བསྔོགས་པའི་ཉེས་པ་བཙུགས་པ་འདི་ནི། བ་ཕྱུགས་གཞན་གྱིས་བསད། བ་ཤ་གཞན་གྱིས་བཟས། རུས་པ་ནང་ཁྲོལ་གཞན་གྱིས་བཙོངས་བའི་རྗེས་སུ་མཐའ་མ་ཀོ་བ་ཉོ་མཁན་དེ་ལ་བ་བསད་པའི་ཉེས་པ་བཀལ་བ་དང་གཅིག་པ་རེད་ཅེས་རང་གི་བདེན་དབང་རྩོད་འདུག  སྐད་ཆ་འདི་ལས་བདེན་པ་ཞིག་ག་ལ་ཡོད།  ཀརྨ་བསམ་འགྲུབ་ལ་སྔ་ས་ནས་གནའ་རྫས་ཚོང་གཉེར་ལག་ཁྱེར་ཡོད་པ་དང་། 1998ལོར་གནའ་རྫས་ཚོང་ཁང་ཞིག་ནས་ཅ་ལག་རྙིང་པ་འགའ་ཉོས་པ་དེ་དག་ཇག་རྐུན་གྱིས་དུར་རྫས་བསྔོགས་པ་ལས་བྱུང་བ་ཡིན་པར་བརྟེན་ཐོག་མར་ཁོང་ལ་འདྲི་རྩད་བྱས་མོད། ཕྱིས་སུ་ཁོང་རང་དུར་སྔོག་དང་འབྲེལ་བ་མེད་པ་དང་། ཚོང་གཉེར་ལག་ཁྱེར་ཡོད་པ་སོགས་ལ་བརྟེན་ཉེས་མེད་ར་སྤྲོད་ཐུབ་ནས་དཀར་འདོན་བྱས་ཡོད།

པར་འདི་གཤེན་གོས་དམར་ཅན་དྲ་བ་ནས་དྲངས། http://ragshul.blogspot.com/ པར་འདི་གཤེན་གོས་དམར་ཅན་དྲ་བ་ནས་དྲངས། http://ragshul.blogspot.com/ 

 

ཀརྨ་བསམ་གྲུབ་སློབ་གྲྭར་འགྲོ་མྱོང་མེད་ཀྱང་བོད་ཀྱི་རིག་གནས་ལ་དགའ་ཞེན་ཆེ་བ་དང་། དགེ་འདུན་ཆོས་འཕེལ་གྱི་རྩོམ་ཡིག་མང་པོ་ངག་ལ་ཡོད་པ། ད་དུང་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་གནའ་བོའི་བྲག་བརྐོས་ལ་དོ་སྣང་བྱེད་མཁན་ཞིག་ཡིན་འདུག་ལ།  རང་ཉིད་འཚོ་སའི་སྤྱི་ཚོགས་ལ་ལེགས་སྐྱེས་གང་ཐུབ་འབུལ་མཁན་གྱི་ཚོང་པ་ཞིག་ཀྱང་རེད།  ཀརྨ་བསམ་འགྲུབ་ཀྱིས་དམངས་ལ་ཕན་པའི་ལས་ཀ་མང་པོ་ཞིག་བྱེད་མྱོང་ཡོད་པའི་ཁྲོད་ནས་བོད་རིགས་ཚོང་པའི་ནང་དུ་ཆེས་གནའ་གཏམ་ལྟར་གླེང་བར་དགའ་བ་ནི་1998ལོའི་དབྱར་རྩ་དགུན་འབུའི་དོན་རྐྱེན་ཞིག་རེད་འདུག  དེ་ཡང་ལོ་དེར་མདོ་ཁམས་ཚོང་པ་མང་པོ་ཞིག་གིས་དབྱར་རྩ་དགུན་འབུ་རྒྱ་མ་ཉིས་ཁྲི་ལྷག་ཙམ་ཞིག་ཁྲི་མདོ་གྲོང་ཁྱེར་དུ་ཡོད་པའི་སྨན་རྫས་ཚོང་གཉེར་ཁང་ཞིག་ལ་བཙོངས་པ་དང་། རིན་པ་དེ་དག་དུས་ཚོད་གཏན་འཁེལ་བྱས་པའི་ཉིན་མོ་དེར་ལེན་རྒྱུ་བྱས་འདུག  ཕྱིས་སུ་ཚོང་ལས་ཁང་དེའི་སྦྱིན་བདག་མ་རྙེད་པ་དང་དངུལ་མ་རག་པར་བརྟེན་བོད་རིགས་ཚོང་པ་དེ་དག་ཁྲིན་ཧྭ་སྲིད་གཞུང་གི་རྒྱལ་སྒོའི་མདུན་དུ་བསྡད་ནས་ཞུ་འབོད་བྱ་དགོས་ཐུག  དེ་དུས་རྒྱལ་སྒོའི་མདུན་དུ་ཞུ་འབོད་བྱེད་མཁན་ཚོང་པ་60ལྷག་ཡོད་པ་དང་། རྒྱ་སྒོར་ཁྲི་༤༠༠༠ལྷག་གི་གྱོང་གུན་ཡོད་པར་འདུག་ལ། རྡོར་དགའ་ཟེར་བ་ཕ་ཡུལ་རྔ་པ་ནས་བྱས་པའི་ཚོང་པ་ཞིག་ཀྱང་ཡིད་ཐང་ཆད་ནས་རང་སྲོག་བཅད་ཡོད་འདུག  སྐབས་དེར་ཀརྨ་བསམ་གྲུབ་ཁོང་རང་སྒེར་ལ་གྱོང་གུན་མེད་ཀྱང་བོད་རིགས་ཚོང་པ་དེ་དག་ལ་གདུང་སེམས་མཉམ་སྐྱེས་བྱས་ལ།  ཕྱིས་སུ་ཁོང་གིས་པེ་ཅིང་ན་ཡོད་པའི་ཕུན་ཚོགས་དབང་རྒྱལ་ལ་སྐྱབས་བཅོལ་བ་དང་། ཕུན་དབང་ནས་སྐབས་དེའི་རྒྱ་ནག་སྲིད་བློན་ཀྲུ་རུང་ཅི་ལ་དོན་རྐྱེན་དེ་གླེང་མཐར།  ཁ་བསླུས་སུ་ཤོར་བའི་དངུལ་དག་ཚོང་པ་རྣམས་ཀྱི་ལག་ཏུ་འཕྲོད་ཐུབ་པ་བྱུང་འདུག 
  
   གང་ལྟར་ཡང་ད་ཆ་ཀརྨ་བསམ་འགྲུབ་ཀྱི་མྱོང་བ་ལ་བལྟས་ན། ལོ་ཕྱེད་ཙམ་བཀག་ཉར་བྱེད་པའི་རིང་དུ་རྒྱ་གཞུང་ནས་ཁོང་ལ་མནར་གཅོད་ཚད་མེད་བཏང་ཡོད་པ་དང་།  ཐོག་མའི་ཁྲིམས་ཐག་གཅོད་པའི་དུས་ཚོད་སྟེ་ཟླ་6ཚེས་1སྐབས་སུ་ཁོང་རང་ནི་སྡུག་སྦྱོང་མནར་གཅོད་དབང་གིས་ལུས་ཟུངས་ཡོངས་སུ་ཟད་པའི་ཚད་དུ་སླེབས་ཡོད་འདུག  སྤྱི་ཟླ་6པའི་གཡས་གཡོན་ཙམ་ནས་ཁོང་གི་གནས་ཚུལ་དེར་རྒྱལ་སྤྱིའི་ཐོག་ཏུ་གླེང་ཕྱོགས་ཆེན་པོ་ཞིག་བྱུང་བ་དང་། རྒྱལ་ཁབ་མི་འདྲ་བ་དང་། ཚོགས་པ་མི་འདྲ་བ། གཞུང་དམངས་མང་པོ་ཞིག་གིས་ཀརྨ་བསམ་འགྲུབ་ལ་དོ་སྣང་བྱས་པར་བརྟེན་ཁྲིམས་ཐག་གཅོད་རྒྱུ་དེ་ཡང་ཚེས་24བར་དུ་འགྱངས་དགོས་བྱུང་འདུག  ཀརྨ་བསམ་གྲུབ་ཁོང་རང་མི་དངོས་ཀྱིས་ཀྱང་ཁྲིམས་ཁང་ནང་དུ། ཉི་མ་ཉི་ཤུ་རྩ་གྲངས་གོང་ཙམ་ནས་ང་ལ་གཞི་ནས་ཁ་ཟས་དུས་གསུམ་རག་པ་དང་། གཞི་ནས་རྒྱག་རྡུང་བྱས་མ་བྱུང་ཅེས་བཤད་འདུག 

2010ལོའི་ཟླ་1ཚེས་3ཉིན་ཀརྨ་བསམ་གྲུབ་གློ་བུར་འཛིན་བཟུང་བྱས་པ་དང་། དེ་རིང་ལོ་བཅོ་ལྔའི་བཙོན་ཆད་བཅད་འདུག  རྒྱ་ནག་གཞུང་ནས་ཀརྨ་བསམ་གྲུབ་ལ་འདི་ལྟ་བུའི་ཉེས་ཆད་ལྕི་མོ་ཞིག་གཅོད་དོན་ཐད་དྲང་བདེན་ལ་དགའ་བའི་མི་རྣམས་ཀྱིས་མུ་མཐུད་རྐྱེན་རྩ་སྣ་ཚོགས་འཚོལ་བཞིན་ཡོད།  དེ་ཡང་ལོ་མང་པོའི་གོང་ནས་ཀརྨ་བསམ་གྲུབ་དང་དང་། རིན་ཆེན་བསམ་འགྲུབ། འཆི་མེད་རྣམ་རྒྱལ་སྤུན་གསུམ་གྱིས་ཕ་ཡུལ་གོ་འཇོ་རུ་མང་ཚོགས་ཀྱི་འགོ་འཁྲིད་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་ཀ་བྱེད་སྐབས། གཞུང་རྒྱུ་ཟ་བར་དགའ་བའི་དཔོན་ངན་དབང་ཤེད་ཅན་འགའ་དང་འགལ་ཟླ་བྱུང་ཡོད་པ་དང་། དཔོན་ངན་དེ་དག་གིས་མ་ཉེས་ཁ་གཡོགས་བྱས་ནས་རིན་ཆེན་དང་འཆི་མེད་གཉིས་ལོ་གཅིག་ལྷག་གི་གོང་ནས་བཙོན་དུ་བཅུག་པ་དང་།   ཕྱིས་སུ་ཀརྨ་བསམ་འགྲུབ་ཀྱིས་ཁྲིམས་རྩོད་པ་གླས་ནས་སྤུན་གཉིས་ལ་བདེན་པ་རྩོད་རོགས་བྱས་པར་བརྟེན་ཁོང་ལ་ཡང་བར་ཆད་བྱུང་བ་རེད་ཟེར་བ་ནི་བཤད་ཚུལ་གཅིག་རེད་ལ།   དེ་མིན་བཤད་ཚུལ་གཞན་ཞིག་ཡོད་པ་ནི་ད་ལྟ་རྒྱ་ནག་གཞུང་ནས་བོད་ནང་གི་ཤེས་ཡོན་ཅན་ཙམ་མ་ཡིན་པར། ལས་རིགས་གང་ཅིར་ཡོད་པའི་བོད་མི་འཇོན་ནུས་ཅན་རྣམས་ལ་ཡང་ཆབ་སྲིད་ཀྱི་ཐོག་ནས་དོགས་པ་དང་དམ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་གི་ཡོད་པ་རེད་ཟེར་བ་སོགས་རེད།

  སྤྱིར་ཀརྨ་བསམ་འགྲུབ་ལ་ལོ་ཕྱེད་མ་ཟིན་ཙམ་དུ་ཚད་ལས་འདས་པའི་ལུས་ཐོག་གི་བཅར་རྡུང་དང་སེམས་ཐོག་གི་མནར་གཅོད་བྱས་ཡོད་ཀྱང་། དེ་དག་གིས་ཀརྨ་བསམ་འགྲུབ་ཀྱི་རུ་ངར་བཅག་མ་ཐུབ་པ་དང་། སྤོབས་པ་བརྫིས་མ་ཐུབ་པར་བརྟེན།  ཁྲིམས་ཁང་ནང་དུ་ཁོང་གིས་ལ་རྒྱའི་སྒལ་ཚིགས་སྲོང་བཞིན་དུ་མི་སྤྱོད་ལས་འདས་པའི་མནར་གཅོད་གཏོང་ཚུལ་དེ་དག་རེ་རེ་བཞིན་གནམ་འོག་ཏུ་བསྒྲགས་ཐུབ་ཡོད་པ་དེ་ནི་དྲང་བདེན་གྱི་རྒྱལ་ཁ་ཆུང་ཆུང་ཞིག་ཀྱང་ལོས་ཡིན།

  ཀརྨ་བསམ་འགྲུབ་ཀྱིས་མུ་མཐུད་གོང་ལ་ཁྲིམས་གཏུག་བྱེད་པ་འདི་ནི་དྲང་བདེན་གྱི་ལ་རྒྱ་བསྲུང་བ་དང་། མུན་ནག་ནང་ནས་འོད་ཟེར་འཚོལ་བཞིན་པ། ཡང་ན་གང་དུ་འགྱེལ་བ་དེ་ནས་ཡར་ལངས་འདོད་པའི་སྙིང་སྟོབས་ཡིན་པས་ལས་རྒྱུ་འབྲས་བརྩི་མཁན་གྱི་སྐྱེ་བོ་ཀུན་གྱིས་མུ་མཐུད་བདེན་པར་རྒྱབ་ལངས་གནང་ངེས་རེད།

ཁྲིམས་ཐག་བཅད་རྗེས་ཀྱི་སྒྲོལ་དཀར་མཚོ་དང་ཁོང་གི་གཅུང་པོ། ཁྲིམས་རྩོད་པ་གཉིས།  ཁྲིམས་ཐག་བཅད་རྗེས་ཀྱི་སྒྲོལ་དཀར་མཚོ་དང་ཁོང་གི་གཅུང་པོ། ཁྲིམས་རྩོད་པ་གཉིས། 

 

ཀརྨ་བསམ་གྲུབ་ཀྱིས་སུ་ལ་གནོད་སོང་།

ནགས་ཤོད་རིག་རལ།

དེ་རིང་རྒྱ་ནག་གཞུང་ནས་ཁྲིམས་ཁང་ནང་དུ་ཀརྨ་བསམ་གྲུབ་ཀྱི་གྱོད་གཞི་ལ་ཆུ་ཚོད་བཅུ་ལྷག་ཙམ་ཁྲིམས་བཤེར་བྱས་ཁུལ་བྱས་པ་མ་ཚད། ཁྲིམས་ཐག་མ་ཆོད་བའི་ཁུལ་གྱིས་སང་ཉིན་མུ་མཐུད་ཁྲིམས་བཤེར་བྱ་རྒྱུ་དང་ཁྲིམས་ཐག་ག་དུས་བཅད་མིན་གསལ་ཁ་མི་འདུག

ཀརྨའི་ཆུང་མ་སྒྲོལ་དཀར་མཚོ་གཙོས་པའི་ཀརྨ་བསམ་གྲུབ་ཀྱི་ལས་དབང་ལ་སེམས་ཁྲལ་བྱེད་བཞིན་པ་ཀུན་གྱིས་ད་ལྟ་ཡང་ཀརྨ་བསམ་གྲུབ་ལ་ཉེས་ཆད་མི་གཅོད་པའི་རེ་བ་ཞིག་འཆང་བཞིན་ཡོད་པ་དང་། དེ་ནི་ཀརྨ་བསམ་གྲུབ་ལ་ཁྲིམས་རྩོད་པ་གྲགས་ཅན་ཞིག་གླ་ཐུབ་པའི་རྐྱེན་གྱིས་མ་ཡིན་པར། ཀརྨ་བསམ་གྲུབ་ལ་རྒྱ་ནག་གི་ཁྲིམས་དང་འགལ་བའི་ཉེས་པ་གང་ཡང་མེད་པས་སོ། །

འོན་ཀྱང་དེ་རིང་ཀརྨ་བསམ་གྲུབ་ཁྲིམས་ཁང་དུ་འཁྲིད་ཡོང་སྐབས་སྔར་གཟུགས་སྟོབས་ཆེ་བའི་མི་དེ་དེ་རིང་སྐད་ངོ་ལ་མ་བརྟེན་ན་རང་གི་ཆུང་མས་ཀྱང་ངོ་མི་ཤེས་པའི་ཚུལ་དུ་མནར་གཅོད་བྱས་ཚར་ཡོད་པ་དང་། ཀརྨ་བསམ་གྲུབ་རང་གིས་ཁྲིམས་རར་ཁོ་པ་བཀག་ཉར་བྱས་པའི་ལོ་ཕྱེད་རིང་དུ་ཉེན་རྟོག་པས་ཇི་ལྟར་ལུས་སེམས་གཉིས་ལ་མནར་གཅོད་བཏང་ཚུལ་དང་། མིག་དང་རྣ་བ་ནས་ཁྲག་དམར་ཐོན་པར་བྱེད་པའི་སྨན་བསྡུད་པའི་སྐོར་མངོན་སུམ་དུ་ངོ་སྤྲོད་བྱས་ཡོད། འདི་ལྟར་ཁྲིམས་ཐག་མ་བཅད་གོང་ནས་མི་ཡི་ཟུངས་ནུས་ཡོད་ཚད་བཅོམ་ཚར་བ་ཡིན་ཀྱང་། ད་དུང་རྒྱ་གཞུང་ནས་རྒྱ་ནག་ལ་ཁྲིམས་ཡོད་མདོག་མདོག་གི་གདོང་འབག་ཞིག་གྱོན་དགོས་དོན་ནི་ཁོང་རང་ཚོའི་གཏམ་དཔེ་ལྟར། མདའ་མོ་གཅིག་གིས་བྱ་གླག་གཉིས་སྡེབ་ཏུ་གསོད་འདོད་པ་ཙམ་རེད།

དེ་ཡང་གཅིག་ནས་རྒྱ་གཞུང་གི་མིག་ཏུ་གྲ་མ་ལྟ་བུར་གྱུར་པའི་ཀརྨ་བསམ་གྲུབ་བསྡུ་གསོག་རྒྱག་ཐུབ་པ་མ་ཚད། གཉིས་ནས་ཀརྨ་བསམ་གྲུབ་ཀྱི་དོན་རྐྱེན་འདི་བེད་སྤྱད་ནས་འཛམ་གླིང་དུ་རྒྱ་ནག་ལ་ཁྲིམས་ཡོད་པ་དང་། བོད་པ་རྣམས་ལ་ཁྲིམས་ཁང་ནང་དུ་དག་འབུད་བྱེད་དབང་ཡོད་པའི་རྣམ་པ་རྫུན་མ་ཞིག་སྟོན་འདོད་པ་ཡིན་ངེས་རེད། དོན་དངོས་སུ་ཀརྨ་བསམ་གྲུབ་ལ་ཉེས་ཆད་ཇི་འདྲ་ཞིག་གཅོད་པའམ། ཉེས་ཆད་མེད་པར་གློད་དཀྲོལ་གཏོང་བའི་ཐད་རྒྱ་གཞུང་ནས་ཐག་སྔ་ས་ནས་བཅད་ཚར་བ་ཡིན་ཏེ། རྒྱ་ནག་གི་དཔོན་རིགས་རྣམས་ནི་ཁྲིམས་ཀྱི་ཐོག་ཏུ་ཡོད་པ་ཡིན་ལ། ཀརྨ་བསམ་གྲུབ་ལ་ཉེས་པ་གང་ཡང་མེད་པ་ནི་ཁོ་རང་ཚོའི་སེམས་ལ་གསལ་པོ་རེད། ངས་ཀྱང་ཀརྨ་བསམ་འགྲུབ་ཉེས་མེད་གློད་དཀྲོལ་གཏོང་བའི་རེ་བ་འདེབས་བཞིན་ཡོད་མོད་རེ་བ་དེ་ནི་ཤིན་ཏུ་ནས་ཉག་ཕྲ་བ་ཞིག་མཐོང་གི་འདུག

མཐའ་མར་ཀརྨ་བསམ་གྲུབ་རྒྱ་ནག་གཞུང་གི་མིག་ནང་གི་གྲ་མར་གྱུར་དོན་ཅུང་ཙམ་གླེང་འདོད་བྱུང་། ཀུན་གྱིས་ཤེས་གསལ་ལྟར་ཀརྨ་སྤུན་གསུམ་གྱིས་ཆུ་བོ་རྨ་རྫ་འབྲི་གསུམ་ཆུ་འགོ་ཁུལ་དུ་ཁོར་ཡུག་སྲུང་སྐྱོབ་ཀྱི་ཕྱག་ལས་སྤེལ་གནང་བ་དང་། རི་རྒྱ་རྔོན་འགོག་དང་། ནགས་ཚལ་འདེབས་འཛུགས་སོགས་ཀྱི་ལས་ཀ་དེ་དག་ལ་ཡུལ་དེའི་མི་དམངས་ཀྱིས་རྒྱབ་སྐྱོར་ཚད་མེད་བྱུང་ཡོད། ཕྱིས་སུ་སྤུན་གསུམ་གྱི་མིག་རྒྱང་དང་། མང་ཚོགས་རྣམས་ཀྱི་རྒྱབ་སྐྱོར། ད་དུང་ཀརྨ་བསམ་གྲུབ་ཀྱི་རྒྱུ་སྟོབས་དང་བློ་གྲོས་སོགས་ཀྱིས་རྒྱ་གཞུང་རིམ་པས་དོགས་མ་བདེ་བར་གྱུར་ལ། དེ་དག་རྒྱ་གཞུང་ནས་ནུབ་རྒྱུད་ཐོན་འབྱེད་ཆེན་པོའི་སྲིད་ཇུས་ལག་ལེན་བསྟར་བའི་འགག་རྡོ་རུ་འགྱུར་བར་སྐྲག་ནས་སྤུན་གསུམ་ལ་མ་ཉེས་ཁ་གཡོགས་བྱས་པ་གསལ་པོ་རེད།

སྤུན་ཆེ་བ་རིན་ཆེན་བསམ་གྲུབ་ད་ལྟ་བཀག་ཉར་བྱས་ནས་ཁྲིམས་ཐག་གཅོད་རྒྱུ་དང་། སྤུན་ཆུང་བ་འཆི་མེད་རྣམ་རྒྱལ་གྱིས་གོང་རིམ་ལ་ཆོག་མཆན་མ་ཞུས་པར་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་བཙུགས་འདུག་སོགས་བཤད་ནས་ལོ་གཉིས་མ་ཟིན་ཙམ་གྱི་བཙོན་ཆད་བཅད་ཡོད་པ་རེད། ཕྱི་ཚུལ་ནས་བལྟས་ན་ཀརྨ་བསམ་གྲུབ་ཀྱིས་སྤུན་གཉིས་ལ་ཁྲིམས་རྩོད་པ་གླས་ནས་གཞུང་དང་རྩོད་པ་བྱས་པར་བརྟེན། ཀརྨ་བསམ་གྲུབ་ལ་ཡང་མ་ཉེས་ཁ་གཡོགས་བཀལ་བ་ལྟ་བུར་སྣང་མོད། དོན་དུ་གོང་ལ་བཤད་པ་ལྟར་རྒྱ་ནག་གཞུང་གི་བསམ་ཚུལ་ནི་དེ་ལྟར་ལས་སླ་པོ་ཞིག་མིན་པ་དང་། བོད་དུ་མི་འཇོན་ཐང་ཅན་རྩ་བ་ནས་མཐོང་མི་འདོད་པ་མ་ཚད། རྒྱ་གཞུང་གི་སྲིད་ཇུས་ངན་པ་རྣམས་ལ་སྔ་ས་ནས་ལམ་བཤང་བཞིན་ཡོད་པར་འདོད།

ཀརྨ་བསམ་གྲུབ་ཀྱི་ཁྲིམས་རྩོད་པ་བུ་ཀྲི་ཆང་གིས་ཀྱང་། ཁྲིམས་ཐོག་ནས་བཤད་ན་ཀརྨ་བསམ་གྲུབ་ཉེས་མེད་ཡིན་པ་གསལ་པོ་ཡིན་མོད། གྱོད་གཞི་འདིའི་རྒྱབ་ཏུ་ད་དུང་གནས་ཚུལ་ཡོད་པ་དང་། ཁྲིམས་ཀྱི་ཐོག་ཏུ་དཔོན་ཡོད་པའི་དབང་གིས་རེ་བ་ཆེན་པོ་མཐོང་དཀའ་བ་འདུག་ཅེས་བཤད་འདུག

སང་ཉིན་ཀརྨ་བསམ་གྲུབ་ལ་མུ་མཐུད་ཁྲིམས་བཤེར་བྱ་རྒྱུ་ཡིན་པ་དང་། རྒྱ་ནག་གིས་ཁྲིམས་ཀྱི་གདོང་འབག་སྔར་བཞིན་གྱོན་རྒྱུ་གཏན་འཁེལ་མོད། ད་ལྟ་འཛམ་གླིང་ས་ཕྱོགས་མང་པོ་ནས་རིགས་རྒྱུད་མི་གཅིག་པ་དག་གིས་ཀྱང་དོན་འདིར་མཐོང་ཆེན་བྱེད་བཞིན་ཡོད་པས། ང་ཚོ་བོད་པ་རྣམས་ཀྱིས་དེ་བས་སྣང་ཆུང་དུ་གཏོང་མི་རུང་ལ། རྒྱ་དམར་བཙན་པོའི་དབང་ཤེད་ཀྱིས་དྲག་གནོན་བྱེད་བཞིན་པའི་གཞིས་བཞུགས་བོད་མི་རྣམས་ལ་རྒྱབ་སྐྱོར་བྱེད་དགོས་པ་ལོས་ཡིན།

ཀརྨ་བསམ་གྲུབ་ཀྱི་ཆུང་མས་ཟིན་བྲིས་ཤིག་ཕྱེ་ནས་དོན་དག་གསལ་བཤད་ལེགས་པར་བྱས་འདུག སྐད་ཆ་དེ་དག་ནི་མོ་རང་གི་རྣམ་ཤེས་ནས་མཆེད་ཡོང་བ་ལྟ་བུའི་ཚོར་བ་མྱོང་རྒྱུ་འདུག

རྒྱ་ཡིག http://woeser.middle-way.net/2010/06/blog-post_1077.html

བོད་ཡིག http://dawakarpo.com/blog/lhabu66/?p=254 འདིར་བསྣུན་ན་གཟིགས་ཐུབ།

12-16-4[1]ཀརྨ་བསམ་གྲུབ་ཀྱིས་རང་གི་སྡུག་བསྔལ་བཤད་པ།

 འོད་ཟེར་གྱིས་བྲིས། ནགས་ཤོད་རིག་རལ་གྱིས་བསྒྱུར།
    ཁ་ས་ཁྲིམས་རྭ་འཚོགས་སར་ཀརྨ་མཐོང་དུས་སྒྲོལ་དཀར་མཚོ་ཧ་ལས་ཧང་སངས་བར་གྱུར།  “ཁོང་གི་སྐད་ངོ་མ་ཆོད་ན་ངས་ཁོང་རང་རྩ་བ་ནས་ངོ་ཤེས་ས་མ་རེད་”ཅེས་སྐྱོ་གདུང་གིས་གཟེར་བའི་བཟའ་ཟླ་སྒྲོལ་དཀར་མཚོས་མགྲིན་པ་རྣང་བཞིན་དུ་བརྗོད་བྱུང་།
 ཀརྨས་ཇི་ལྟར་ཁོང་ལ་མནར་གཅོད་ཚ་འདྲི་བཏང་ཚུལ་དེ་དག་རེ་རེ་བཞིན་དྲངས་ནས་ཡོང་དུས་མི་ཆོས་ལས་འདས་པའི་གདུག་རྩུབ་དེ་དག་སྐྱེ་བོའི་བློ་ཡིད་དུ་ཤོང་དཀའ་བར་འདུག   ལོ་ཕྱེད་ལྷག་གི་རིང་དུ་ཁོང་རང་ཤིན་ཅང་པྭ་ཀྲིག་ཟེར་བའི་ས་དེར་བཀག་ཉར་བྱས་ལ། མཛོད་དགེ་ནས་ཁུར་ལེ་དང་། དེ་ནས་ད་ལྟའི་ས་དེར་བསྐྱལ་བ་རེད། ཁོང་ལ་ཉིན་ལྟར་ཆུ་ཚོད་བཅུ་གྲངས་འགའ་ཤས་འདྲི་རྩད་བྱས་པ་དང་ཁྱོན་བསྡོམས་འདྲི་རྩད་ཐེངས་མ་90ལྷག་བྱས་འདུག  དེའི་རིང་དུ་རྐུབ་སྟེགས་ཐོག་ཏུ་ཐེངས་མ་གསུམ་རང་བསྡད་བཅུག་པ་ཕུད། དེ་མིན་ཚང་མ་ཉེན་རྟོག་པས་ཁོ་པ་གནམ་ཐག་རྒྱག་པ་དང་ལག་པ་རྒྱབ་བཙིར་སློག་པ་སོགས་པའི་མནར་གཅོད་བཏང་བ་ནི་སྨྲ་བརྗོད་ལས་འདས་པ་ཞིག་རེད། དེའི་རིང་དུ་ད་དུང་བཅར་རྡུང་མཚམས་ཚོད་མེད་པ་བཏང་བས་དྲན་པ་ཡང་ཐེངས་མང་པོ་འཐོར་མྱོང་འདུག  ཐ་ན་ཁོང་གི་སྣ་རུ་སྨན་རྫས་ཤིག་བཙན་གྱིས་བླུགས་པས་ཀླད་པར་ཟིལ་ཁ་སྟེར་བ་མ་ཚད། མགོ་ལས་ཁྲོག་ཁྲོག་གི་སྒྲ་སྒྲོགས་པ་དང་། མིག་དང་རྣ་བ་དག་ལས་ཀྱང་ཁྲག་དམར་འཛགས་མྱོང་འདུག  སྐབས་དེར་ཉེན་རྟོག་པ་དེ་ཚོས་ད་དུང་། “འདི་སྤྱོད་ཆོག་པ་སྤྱི་བདེ་ལས་ཁུངས་ནས་ཆོག་མཆན་ཡོད་པས་ཁྲིམས་དང་མཐུན་པ་ཞིག་རེད། ཁྱོད་ཤི་གི་མ་རེད”ཅེས་ཟེར།
འདྲི་རྩད་ཚར་ནས་བཙོན་ཁང་ནང་ཕར་བསློགས་ཀྱང་ད་དུང་ངལ་གསོ་བའི་སྐབས་མེད་པར། འབྲེལ་ཡོད་སྡེ་ཚན་གྱིས་བཏང་བའི་“བཙོན་པ་”ཟེར་བ་དེ་ཚོས་ཡང་དབང་ཡོད་དང་ཉེས་རྡུང་ཚད་མེད་བཏང་བ་མ་ཚད།  མཚན་གང་གཉིད་ཉལ་མ་བཅུག་པ་དང་སྐར་མ་རེ་འགའི་ཚོད་ལ་གཉིད་ཐེངས་རེ་དཀྲོགས་པ་རེད། ད་དུང་ཁོང་ལ་དོན་ཆེ་ཆུང་ཚང་མར་བུན་ཐོ་བྲི་འཇུག་པ་དང་། གསང་སྤྱོད་དུ་འགྲོ་བར་ཡང་བུན་ཐོ་བཞག་དགོས་པས། ད་བར་དུ་བུ་ལོན་ཁྱོན་བསྡོམས་སྒོར་ཁྲི་66ཟུག་ཡོད། མི་དེ་ཚོས་རྗེས་མར་བུན་འཛིན་འཁྱེར་ནས་ཀརྨར་བུ་ལོན་འདེད་དུ་ཡོང་རྒྱུ་དང་། ཁོང་ཕྱི་ལ་མ་ཐར་ན་ཁོང་གི་ཁྱིམ་མིའི་ས་ནས་བུ་ལོན་གཙང་ལེན་བྱེད་ཀྱི་ཡིན་ཟེར་བ་དང་། ད་དུང་ང་ཚོས་ཁྱོད་ཀྱི་ཁྱིམ་རྙེད་ཐུབ། ཁྱོད་ཀྱི་བཟའ་མི་བུ་ཕྲུག་རྙེད་ཐུབ་ཅེས་འཇིགས་སྐུལ་ཡང་བྱས་འདུག ཀརྨའི་ཟ་མ་ནི་རྫབ་ལུད་དང་འདྲ་བ་ཡིན་ལ། དེ་ལྟར་ཡིན་ཡང་མི་དེ་ཚོས་ད་དུང་མོག་མོག་ས་ལ་བསྐྱུར་ནས་རྡོག་པས་བརྫི་བ་དང་། བརྫིས་ནས་ལེབ་ལེབ་ཆགས་པའི་ས་རྡུལ་འདྲེས་པའི་མོག་མོག་བཙོག་པ་དེ་དག་ཁོང་གི་ཁ་ནང་དུ་བརྒྱངས་ཀྱི་ཡོད། མི་དེ་ཚོས། “ཁྱོད་ཀྱིས་ཨེ་ཤེས། ང་ཚོས་ཁྱོད་ཀྱི་ལུས་ཐོག་ལ་གློག་ཆུ་བཤོས་ན་ཡང་འགྲིག་གི་རེད། ཁྱོད་སྐད་ཅིག་ཉིད་དུ་གྲིབ་མ་ཙམ་ཡང་མཐོང་རྒྱུ་མེད་པ་བཟོ་ཐུབ་”ཅེས་ཟེར།
ཀརྨ་བསམ་གྲུབ་ཀྱིས། “ཁོང་ཚོས་བློ་ལ་ཤར་ཐུབ་ཚད་ཀྱི་མནར་གཅོད་སྡུག་སྦྱོང་གཏོང་སྟངས་དེ་དག་ངའི་ལུས་སེམས་གཉིས་ལ་བེད་སྤྱོད་བཏང་བྱུང་། རྒྱུ་མཚན་དེ་དག་གིས་ང་རང་ཡང་གསོན་པ་ལ་རེ་བ་ཆད་མྱོང་ཡོད།  ངའི་སེམས་སུ་འཇིག་རྟེན་ནི་འདི་ལྟར་སྙིང་རྗེ་མེད་པ་དང་། མི་སེམས་ནི་འདི་ལྟར་ངམ་ནག་ཡིན་པ་མ་ཚད། ལོ་རྒྱུས་ཡང་ཆེས་མུན་ནག་གི་སྤྱི་ཚོགས་ཤིག་གི་ནང་དུ་ལོག་འདུག་བསམ་བྱུང་”ཟེར། ཁོང་གིས་ཀྱང་རང་ཉིད་གསོན་དཀའ་བར་བསམས་ནས་ཁྱིམ་མི་རྣམས་ལ་ཁ་ཆེམས་ཤིག་འབྲི་འདོད་པ་དང་། ཁོང་རང་ལྔ་ལམ་དུ་ཕྱིན་རྗེས་ཁྱིམ་མི་རྣམས་ཀྱིས་གང་བྱེད་དགོས་པའི་སྐོར་ལ་མངག་ཆ་ཡང་བྱེད་འདོད་སྐྱེས།  ཕྱིས་སུ་ཁོང་གིས་ཁ་ཆེམས་དེ་དངོས་སུ་བྲིས་ཡོད་ལ། ཡིད་སེམས་ནས་རེ་ཐག་ཡང་ཡོངས་སུ་ཆད་པ་རེད། འོན་ཀྱང་ཁོང་གི་ཁ་ཆེམས་དེ་ཉེན་རྟོག་པས་ཁོང་གི་ཁྱིམ་མིར་སྤྲད་མི་འདུག
ཀརྨས་མི་ཆོས་ལས་འདས་པའི་སྡུག་བསྔལ་མྱངས་ཚུལ་དེ་དག་གླེང་དུས་ཁོང་ཉིད་དེ་ལྟར་ལྷིང་ཞིང་བརྟན་ལ། བཟོད་དཀའ་བའི་སྡུག་བསྔལ་དེ་དག་ནི་ཁོང་རང་གི་ལུས་ཐོག་ཏུ་མྱངས་པ་མ་ཡིན་པར་འདས་ཟིན་པའི་རྒྱང་རིང་གི་འཇིགས་སྐྲག་དོན་རྐྱེན་ཞིག་གླེང་བ་དང་ཤིན་ཏུ་མཚུངས། ཕར་བལྟས་ཚོད་ལ་ཁོང་རང་གིས་འཆི་གསོན་ཙམ་གྱི་སེམས་རྒྱུ་ནི་སྔ་ས་ནས་རྒྱང་དུ་གཡུགས་ཚར་འདུག  འོན་ཀྱང་ཁྲིམས་སར་ཡོད་པའི་ཁོང་གི་གཉེན་ཉེ་ཚོའི་ངོས་ནས་བཤད་ན། དམྱལ་ཁམས་ལན་གཅིག་འགྲིམས་པ་དང་ཁྱད་པར་ཅི་ཡོད། གཟུགས་སྟོབས་ཆེ་བའི་ཁམས་པའི་ཕོ་རྒོད་དེ་ཚོའི་མིག་ནས་ཀྱང་མཆི་མ་ལྷུང་བར་བྱེད་ན།  ཁོང་གི་སྐུ་ཟླ་སྒྲོལ་དཀར་མཚོ་ལ་དེ་བས་བརྗོད་ག་ལ་དགོས། ལོ་ཕྱེད་རིང་དུ་ཤིན་ཅང་གི་ས་མཐའ་འདི་རུ་ཐེངས་ལྔ་འོངས་བ་དང་། སྙིང་ཁ་གྲི་ཡིས་བཙབས་ལ་ལུས་ཟུངས་ཡོངས་སུ་ཟད་རུང་། ཤ་ལས་འཆད་པའི་བུ་མོ་གཉིས་ཀྱི་མདུན་དུ་ད་དུང་དགོད་འཚེར་འཚེར་དང་སྣང་བ་སྐྱིད་མདོག་བྱེད་དགོས་པ་རེད། དོན་དངོས་ཐོག་སྒྲོལ་དཀར་མཚོ་ཡང་ལུས་ཟུངས་ཟད་ནས་དྲན་པ་ཐེངས་འགའ་ཤས་འཐོར་མྱོང་ཡོད།  ཁོ་མོ་ནི་ད་ལྟ་སྙིང་ཁ་གས་པ་ཙམ་མ་ཚད་མཆི་མས་ཡོངས་སུ་བཏུམ་པར་གྱུར་འདུག  དགུང་ལོ་ལྔ་བཅུ་ཡོལ་བའི་སྐད་སྒྱུར་བ་དེ་གཉིས་ཀྱང་ཉན་བཟོད་མེད་པར་མིག་རྩ་དམར་པོར་གྱུར་འདུག་ལ། ཁྲིམས་རྩོད་པ་གཉིས་ཀྱང་བཟོད་བསྲན་མ་ཐུབ་པར་མཆི་མ་དབང་མེད་དུ་ཤོར་སོང་།
རྒྱ་ནག་གི་ཁྲིམས་ལུགས།  མ་རེད། འཛམ་གླིང་ཁྱོན་གྱི་རྒྱལ་ཁབ་ཡོད་ཚད་ཀྱི་ཁྲིམས་ལུགས་ནང་དུ། སྡུག་སྦྱོང་ཚ་འདྲི་བྱེད་མི་ཆོག་པའི་གཏན་འབེབས་གསལ་པོ་ཡོད་པ་རེད། འོན་ཀྱང་། དོན་དངོས་ཐོག་གང་འདྲ་ཞིག་ཡིན་འདུག
 འདི་དག་ནི་བྱུང་ཟིན་པའི་གནས་ཚུལ་ཡི་གེར་ཕབ་པ་ཡིན་པས་བློ་ཡི་སྦུགས་སུ་འཛིན་པར་འོས།
DSC01057-1[1]ཀརྨ་བསམ་གྲུབ་ནི་2010ལོའི་ཟླ་1ཚེས་3ཉིན་འཇུས་པ་དང་། ཟླ་6ཚེས་1ཉིན་ཁྲིམས་རྭ་འཚོགས་རྒྱུ་གཏན་ལ་འཁེལ་ཀྱང་ནར་འགྱངས་བྱས།  ཟླ་6ཚེས་22ཉིན་ཁྲིམས་རྭ་དངོས་སུ་ཚུགས། ཟླ་6ཚེས་23ཉིན་ད་ལྟ་མུ་མཐུད་ཁྲིམས་བཤེར་བྱེད་བཞིན་ཡོད།  གནས་ཚུལ་གང་ཡང་གོ་རྒྱུ་མི་འདུག  དེས་ན་ཁ་ས་ཀརྨ་མི་ངོ་མས་ཁྲིམས་སར་བཤད་ལ། ཞིབ་ཅིང་རྒྱས་པ་ཞིག་མེད་ཀྱང་ཤེས་པའི་གནས་ཚུལ་དེ་དག་ཐོ་ལ་ཕབ་ནས་འཇིག་རྟེན་སྐྱེ་བོའི་སྤྱན་ལམ་དུ་བཤམས་ཡོད།
             2010ལོའི་ཟླ་6ཚེས་23ཉིན་གྱི་ཉིན་རྒྱབ་ཆུ་ཚོད་3དང་སྐར་མ་40ལ།
ཚེ་རིང་འོད་ཟེར་གྱི་དྲ་ཚིགས་ལས་བཏུས།  པར་འདི་དག་འོད་ཟེར་གྱིས་བཀྱོན་པ་རེད།

Posted by: lhabu | 2010/06/23

སྨོན་ལམ།

003[2]

སྨོན་ལམ།

སྒྲོལ་དཀར་མཚོས་བརྩམས།  ནགས་ཤོད་རིག་རལ་གྱིས་བསྒྱུར།

ཁྲིམས་རྭ་གྲོལ་དུས་མཚན་དགུང་གི་ཆུ་ཚོད་༡༡ལ་སླེབས་ཚར་འདུག  ཟླ་བོས་ཕྱི་བལྟས་སློག་བཞིན་འདུག་ལ། ཁོང་ནི་ཁ་ཕྱོགས་མི་གཅིག་པ་ཞིག་ཏུ་འཁྲིད་འགྲོ་ཡི་ཡོད། སྒོ་མོ་ཤགས་སྒྲ་དང་བཅས་བརྒྱབ་དུས་ང་ཚོ་དང་ཁོང་རང་སླར་ཡང་འཇིག་རྟེན་གཉིས་སུ་བཅད་སོང་།
སྔ་དྲོ་སེམས་སྡུག་དང་ཕངས་སེམས་ཀྱིས་ང་རང་སྡུག་གི་རྩེ་མོ་རུ་བསྐྱལ་བ་དང་། ཕྱི་དྲོ་ནས་མཚན་མོ་བར་མ་ཉེས་ཁ་གཡོགས་ཀྱི་ཚོར་འདུ་དང་དྲང་བདེན་གྱི་སྟོབས་ཤུགས་ཤིག་གིས་ང་རང་གི་ཁྲག་རྒྱུན་ལང་ལོང་དུ་གཡོས་བྱུང་།  ད་ལྟ། ཁ་པར་ནང་དུ་སྤུན་མཆེད་དང་གྲོགས་པོ་རྣམས་ཀྱིས་བཞག་པའི་གྲངས་མེད་པའི་བརྡ་འཕྲིན་མཐོང་སྐབས་ང་རང་གི་སེམས་ཚོར་ནི་བརྗོད་མི་ཤེས་པའི་གནས་སུ་ལྷུང་།
སྔ་དྲོའི་ཆུ་ཚོད་དགུ་དང་ཕྱེད་ཀའི་ཐོག་ངས་སྤྱི་བདེ་ཅུས་ཀྱི་རླངས་འཁོར་ཞིག་མཐོང་བྱུང་། ང་རང་གི་སེམས་སུ་ཡང་གཅིག་བྱས་ན་ཟླ་བོ་དེའི་ནང་དུ་ཡོད་པར་སྙམ། འོན་ཀྱང་ནང་གི་མི་ཕྱི་རུ་འདོན་པའི་སྐབས་སུ་ངའི་མིག་གི་ལྟ་ཕྱོགས་ཧ་ལམ་ཟླ་བོ་ནས་གཡོལ་ལ་ཉེ་བའམ། ཕྱོགས་གཞན་ཞིག་ནས་བཤད་ན་ངས་ཁོང་རང་རྩ་བ་ནས་ངོ་ཤེས་མི་ཐུབ།  ཤ་རྒྱགས་ལ་སྟོབས་ཆེ་བའི་ཁོང་རང་གི་གཟུགས་པོ་དེ་ད་ལྟ་འདི་ལྟར་ཉམས་རིད་པ་ཞིག་ཏུ་གྱུར་དོན་གང་ཡིན་ནམ། ངོ་ཤེས་དཀའ་བའི་གཟུགས་པོ་དེ་ད་ལྟ་ཤ་སྐམ་པའི་སློབ་མ་ཞིག་གི་ལུས་པོ་ལྟར་ཤིན་ཏུ་ནས་ཕྲ་ཞིང་རིད་པོར་ཆགས་འདུག
ཁྲིམས་ཁང་ནང་མ་འཛུལ་གོང་། ངའི་གདོང་པ་ཡོངས་ནི་མིག་ཆུས་བརླན་ཚར་སོང་། སྤུན་མཆེད་རྣམས་ནི་འཇམ་ཅག་གེར་འདུག དེ་ཡང་ལོས་ཡིན། སྐད་ཆ་གང་ཞིག་གླེང་དགོས་སམ། འོན་ཀྱང་ངའི་ཟླ་བོས་རྒྱབ་ང་ཚོ་ལ་སློག་བཞིན་ལངས་པ་དང་། སྐད་ཆ་བཤད་འགོ་ཚུགས་དུས་སྤུན་མཆེད་རྣམས་ཀྱི་སྡུག་བསྔལ་ཡང་མཁའ་རུ་འཕྱུར་སོང་། ང་ཚོ་ཚང་མ་ལ་བདམས་ཀ་ཡོད་ན་ཐམས་ཅད་མིག་འཛུམ་བཞིན་བསྡད་འདོད་ལ། འཁྱགས་རུམ་ལྟར་སྡུག་བསྔལ་འབྱིན་པའི་ཕྱི་ཡུལ་འདི་ལས་གཡོལ་བར་འདོད་མོད། རྒྱུས་ཡོད་པའི་ཀརྨ་བསམ་གྲུབ་ཀྱི་སྐད་སྒྲ་དེས་ང་ཚོའི་སེམས་སུ་མི་འདི་ནི་ཀརྨ་ཡིན་པ་དང་། སྐམ་ཞིང་རིད་པའི་རྒྱབ་གཟུགས་དེ་དང་ང་ཚོའི་དྲན་ཤེས་ནང་གི་ཀརྨའི་རྣམ་པ་ཕན་ཚུན་ཧ་མི་ཐུག་ཀ་མེད་རེད།
ཁོང་རང་གི་ཁུར་ཚོས་དེ་ལྟར་མཐོན་པོ་ཡོད་པ་རྩ་བ་ནས་ཤེས་ཀྱི་མེད་ལ། མ་ལེ་ཕྲ་ཞིང་རྐང་ལག་བཞི་པོ་འདི་ལྟར་རིད།  ལྟོ་བ་འབུར་འབུར་དེ་ཡང་མཐོང་སར་མི་འདུག་ལ། གསར་དུ་སྐྱེས་པའི་སྐྲ་ལོ་ཐུང་ཐུང་དེ་ཡང་ཟང་ངེ་ཟིང་ངེར་གྱུར་འདུག  ཁོང་གིས་བཤད་ན། འདས་པའི་ཉི་མ་ཉི་ཤུ་ལྷག་གི་རིང་གཞི་ནས་ཁ་ཟས་དུས་ཐོག་ཏུ་རག་པ་དང་། གཞི་ནས་གདུག་རྩུབ་མནར་གཅོད་མྱོང་མ་དགོས་པས་གཟུགས་པོ་ཡང་ཅུང་ཙམ་སོས་སོང་བ་ཡིན་ཟེར།
ཁོང་གིས་སྐད་ཆ་བཤད་མཚམས་རེབ་ཙམ་བཞག་རྗེས། “དེ་རིང་། ངའི་གྲོགས་པོ་དང་ནང་མི་འདི་ན་ཡོད་པས་སྐད་ཆ་མང་པོ་ཞིག་བཤད་མི་འོས་པར་འདུག་”ཟེར།  དེའི་རྗེས་སུ་ཁོང་གིས་བཤད་པའི་མྱོང་བ་དེ་དག་ང་ཚོས་བཟོད་དཀའ་བའི་ཚད་དུ་སླེབས་འདུག  སྡུག་སྦྱོང་གཏོང་སྟངས་སྣ་མིན་སྣ་ཚོགས་དང་། ལས་མི་དུས་གསུམ་བརྗེས་ནས་ཉིན་མཚན་བསྟུད་མར་ངན་སྨྲས་དང་རྒྱག་རྡུང་བྱེད་པ། ཐོས་མ་མྱོང་བའི་མནར་གཅོད་ལག་ཆ་དང་སྨན་རྫས། འཇམ་རྩུབ་མཉམ་བསྲེས་དང་ཐ་ན་བཙོན་རོགས་ཀྱང་བཀོལ་ནས་འདྲི་རྩད་ཁ་སྔོག་པ། གནས་ཚུལ་རེ་འགའ་ཁས་ལེན་མ་བྱས་ན་སྡུག་པོ་ཚད་མེད་གཏོང་བ། ཟ་མ་ཟ་བ་དང་གཅིན་པ་གཏོང་བར་ཡང་རིན་པ་བསྡུ་བས་ད་ལྟ་བུ་ལོན་སྒོར་ཁྲི་༦༦ཟུག་པ། དེ་ལྟར་ཉོས་ཡོང་བའི་ཁ་ཟས་ཕྲན་བུ་དེ་ཡང་མི་གཙང་བ་བཟོ་བ། གྱང་གི་རྩེ་ན་དྲང་པོར་ལངས་མ་ཐུབ་ཙམ་ལ་ཡང་ཁ་གཡར་ནས་ཉེས་རྡུང་གཏོང་བ་སོགས་དེ་དང་དེ་འདྲ་བ་གྲངས་ཀྱིས་མི་ལངས།  དེ་ལྟར་ཀརྨས་ཡིད་མུག་པོའི་ངང་ནས། “ང་ནི་ཤི་བ་ལ་གྲ་སྒྲིག་ཟིན་པ་དང་། ཁྱོད་ཚོས་ཇི་ལྟར་རྒྱག་རྡུང་རྩེད་ཆས་བྱེད་འདོད་ན་ཡང་བྱོས། ངས་ནང་ལ་ཡི་གེ་ཞིག་བྲིས་པ་དང་དེ་ནི་ནང་ལ་ལན་ཞིག་ཡིན”ཟེར།  སྐད་བསྒྱུར་བྱེད་མཁན་བགྲེས་སོང་དེ་གཉིས་ཀྱང་མིག་རྩ་དམར་པོར་གྱུར་པ་དང་མཆི་མ་མིག་ཀོང་དུ་འཁྱིལ་འདུག
ཁྲིམས་རྩོད་པ་ཡང་མིག་ཆུ་ལྷུང་ལ་ཉེ་འདུག  ཕྱི་དྲོ་ནི་ཡུན་རིང་བའི་དཔང་ཡིག་མཁོ་འདོན་དང་། ཡིག་སྒྱུར། དག་བཤེར་གྱི་རྒྱུད་རིམ་ཞིག་ཡིན་པ་དང་། དུས་ཡུན་རིང་ཡང་ཧ་ལས་པ་ཞིག་བྱུང་སོང་།  “གནས་སྐབས་བེད་སྤྱོད་མེད་”ཟེར་བའི་དཔང་རྟགས་དེ་དག་ནི་ང་ལྟ་བུ་ཁྱིམ་འཛིན་མ་ཞིག་གིས་ཉན་ཀྱང་སྐྱོན་དང་འགལ་ཟླའི་ཕུང་པོར་གྱུར་འདུག་ལ། ཁྲིམས་རྩོད་པ་ཚོས་ཀྱང་གོ་རིམ་གྱི་ཐོག་ནས་ཁྲིམས་དང་མི་མཐུན་པའི་ཆ་མང་པོ་ཞིག་ཤེས་ནས་དོགས་དཔྱོད་བྱས་མོད། ཁྲིམས་རྭ་ནས་“ད་ལྟ་གླེང་བའི་དོན་དང་འབྲེལ་བ་མེད་”པ་དང་། “གོང་ལ་ལན་བརྒྱབ་ཟིན་”སོགས་བཤད་ནས་དཔྱད་བརྗོད་བྱེད་ཀྱི་མི་འདུག  སྐབས་དེར་ཁྲིམས་རྭར་བཞུགས་པའི་ཁྲིམས་རྩོད་པ་གཉིས་དང་། ཞུ་གཏུག་པ་ངའི་ཟླ་བོ་བཅས་ནི་མི་རྒོད་པོ་གསུམ་རེད།  དྲང་བདེན་གྱིས་མི་ལ་གནང་བའི་སྟོབས་ཤུགས་ནི་ཚད་ཀྱིས་གཞལ་བར་དཀའ། ང་རང་ཡང་གནས་སྐབས་བར་ཆད་ལ་བསམ་མནོ་གཏོང་ཁོམ་མེད་པར་དྲང་བདེན་ལ་དགའ་བ་དང་ཤེས་རབ་ལྡན་པའི་གྲོགས་པོ་འགའ་ཞིག་གིས་བསྐོར་ནས་བསྡད་པའི་དྲོད་སོབ་སོབ་ཀྱི་མྱོང་བ་དེ་ཚོར་གྱི་འདུག  ངས་བསམ་ན་ངའི་ཟླ་བོས་ཀྱང་ང་དང་འདྲ་བར་ཚོར་འདུག  ཁོང་གིས་ཁ་ཕྱིར་བསློགས་ནས་ང་ཚོར་བལྟ་དུས་མིག་ཞག་ནང་དུ་འཛུམ་ཞིག་འཚེར་བ་ང་རང་གིས་མཐོང་བྱུང་།  གཅིག་བྱས་ན་ང་ཚོ་ཡང་ལས་སྐལ་བཟང་བ་ཤ་སྟག་ཡིན་ངེས་ཏེ། ཡ་རབས་མང་པོས་མཐའ་ནས་སྐྱོང་བཞིན་ཡོད་པ་རེད་ལ། འདི་ལྟ་བུ་གནང་ཐུབ་མཁན་ནི་ཉུང་ནས་ཉུང་རུ་འགྲོ་བཞིན་པའི་ནམ་ཟླ་འདིར་དེ་བས་བརྗོད་ག་ལ་དགོས།
ཆེས་རིང་ཞིང་ཧ་ལས་དགོས་པའི་ཕྱི་དྲོ་འདིས་སང་ཉིན་ང་ཚོ་ལམ་ཐོག་གང་འདྲ་ཞིག་ལ་འཁྲིད་པར་རྗེས་དཔག་བྱེད་དཀའ། འོན་ཀྱང་ང་ཚོའི་ཀརྨ་ལ་ཉེས་པ་མེད་པ་དང་། མི་དཀར་ཞྭ་དཀར་ཡིན་པ། ཁ་གསལ་གཏིང་གསལ་ཡིན་པ། རུས་རྐང་སྲ་པོ་ཡིན་པ། དྲག་ཆར་རླུང་འཚུབ་གདོང་གིས་བསུ་ཐུབ་པའི་ཕོ་རྒོད་ཞིག་ཡིན་པར་ཡིད་ཆེས་གཏིང་ནས་བྱུང་། ཁོང་རང་མི་དཀར་ཞྭ་དཀར་ཡིན་པར་ང་ཚོ་ཚང་མ་ཡིད་ཆེས་རྣལ་མ་ཐོབ་སོང་།  གལ་སྲིད་ཁྲིམས་རྭ་དྲང་བདེན་ཡིན་པ་དང་། གལ་སྲིད་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་ན་ཁོང་རང་ང་ཚོའི་ཁྲོད་དུ་མགྱོགས་མྱུར་ལོག་ཐུབ་ངེས་རེད་ལ།  ང་ཚོའི་ཁྱིམ་དུ་ལོག་ཕེབས་ནས་བུ་མོ་གཉིས་པང་དུ་འདེགས་པ་དང་རང་དབང་གི་མཁའ་དབུགས་རྔུབ་ཐུབ་ངེས་རེད། འདི་ནི་གཞི་མ་ནས་ཁོ་རང་ལ་དབང་བའི་འཚོ་བ་རེད།

ད་ལྟ་གང་སར་རྒྱུགས་པར་བྲེལ་ལ། འགན་འཁྲི་ཕྲག་པར་ལྷུང་མོད། རེ་བའི་མིག་ཟུང་ཅེར་བའི་བུད་མེད་ངའི་སྨོན་ལམ་ལ་གསན་རོགས་ཞུ།  ལས་རྒྱུ་འབྲས་བསླུ་བ་མེད།  ཇོ་བོ་ཤྰཀྱ་མུ་ཎེས་ང་ཚོ་སྐྱོབ་རོགས་མཛོད།

129bf54ab4dg213[1]

སྒྲོལ་དཀར་མཚོས་བརྩམས།  ནགས་ཤོད་རིག་རལ་གྱིས་བསྒྱུར།

དེ་རིང་ནི་ཟླ་6ཚེས་21ཡིན་པ་དང་ལོ་འཁོར་གཅིག་ལས་ཉིན་མོ་ཆེས་རིང་ཤོས་ཀྱི་ཉི་མ་དེ་རེད། ནུབ་བྱང་མཐའ་ཁུལ་གྱི་དུས་ཚོད་ནི་པེ་ཅིང་ནས་འཕྱི་བ་ཡོད་ལ། གནས་འདི་ཡི་རྫོང་རྡལ་ཡང་སྔ་དགོང་མེད་པར་ཉི་ཟེར་གྱི་ཁྲུས་སུ་འཇུག་བཞིན་ཡོད་མོད། ཇུས་ངན་དང་ལྐོག་གཡོའི་རླབས་རྒྱུན་ཞིག་ཚ་ངད་དང་འགྲོགས་པའི་ལྷིང་འཇགས་ཀྱི་ཁྲོད་དུ་ལྡང་བཞིན་འདུག
སང་ཉིན་ནི་བུ་མོ་རྣམས་ཀྱི་སློབ་མཇུག་རྒྱུགས་ལེན་གྱི་ཉིན་མོ་དེ་རེད་ལ་དྲུག་གཅིག་བྱིས་པའི་དུས་ཆེན་ལྟར་ང་རང་སླར་ཡང་ཁོང་གཉིས་དང་འགྲོགས་ལོང་བྱུང་མ་སོང་། ཁོང་གཉིས་ཀྱིས་ཤེས་པ་ཙམ་ནི་ཨ་མ་ཉེ་ཆར་བྲེལ་བ་ཆེ་བ་དང་། ལུས་པོ་ཡང་དེ་ཙམ་བདེ་པོ་མེད་པ་མ་ཟད། ཨ་ཕ་ཡང་ཕྱི་ཡུལ་དུ་སློབ་སྦྱོང་བྱེད་བཞིན་ཡོད་པས་ཁོང་གཉིས་ལ་ཁ་པར་གཏོང་རྒྱུ་ཡང་དེ་ལྟར་སྟབས་བདེ་པོ་མེད་པ་དེ་དག་རེད། ཁོང་གཉིས་ནི་དངོས་གནས་ཕྲུ་གུ་ཡ་རབས་གཉིས་རེད་ལ། ལོ་ཕྱེད་ཞལ་མ་མཇལ་བའི་པ་ཕའི་གདོང་རིས་སྒུག་བཞིན་ཡོད་པ་མ་ཚད། ད་དུང་ཁོང་ཚོ་ལ་བདག་པའི་དབྱར་དུས་དེ་ཡང་སྒུག་བཞིན་ཡོད།
ང་རང་གིས་ཕྲུ་གུ་གཉིས་ལ་ཡང་ནས་བསྐྱར་དུ་རྫུན་མ་བཤད་ཀ་མེད་རེད།
ང་ནི་ཕ་དང་ས་གཅིག་གི་ཐོག་ཏུ་བསྡད་ཡོད་པ་དང་། སྦག་སྦག་གླས་ན་སྒོར་མོ་ལྔ་ཡི་ལམ་ཐག་ཙམ་ལས་མེད་མོད། འཇིག་རྟེན་གཉིས་ལྟར་དུ་རྒྱང་གིས་ཆོད་འདུག  གྱང་མཐོན་པོ་དང་ལྩགས་ཚེར་རྭ་བའི་མཐོངས་ན། འདབ་ཆགས་རྣམས་ཕར་འཕུར་ཚུར་འཕུར་བྱེད་སྐབས་ཁོང་གི་སེམས་ལ་གང་ཞིག་འཆར་སྲིད་དམ། དེ་དག་བསམ་སྐབས་ང་རང་གི་སྙིང་ཁ་འཁྱག་སིབ་སིབ་ཏུ་འགྲོ་བ་མ་ཚད། སང་ཉིན་གྱི་ཉི་མ་ལ་ཡང་རྗེས་དཔག་གང་ཡང་བྱེད་མི་ཕོད།
སང་ཉིན་ཁྲིམས་ཁང་ནང་ཁོང་རང་མཐོང་ཐུབ་པ་དང་།  ལོ་ཕྱེད་རྗེས་སླར་ཡང་རང་གི་ཟླ་བོ་མཇལ་དུས། ཁོང་གི་མགོ་ཐོག་ནས་ཡལ་ཟིན་པའི་སྐྲ་ལོ་རིང་པོ་དང་སྨ་ར། ད་དུང་ལུས་ཀྱི་རྣམ་པ་དང་བཞིན་གྱི་རྣམ་འགྱུར་ཡོངས་ནས་སྡུག་བསྔལ་གྱི་ཚོར་བ་དེ་མེ་ལྟར་མཆེད་ནས་ཡོང་སྐབས་ང་ཚོས་ཇི་ལྟར་བཟོད་དགོས་སམ། ཁོང་ནི་གཞུང་རྒྱུད་དྲང་ལ། བྱམས་སྙིང་རྗེ་ཆེ་བ་མ་ཟད། བློ་དང་ཤེས་རབ་མངའ་བའི་མི་ཞིག་རེད།  ཡིན་ནའང་སུ་ཞིག་གིས་ཀྱང་བསྙོན་དཀའ་བའམ་ཡིད་མ་ཆེས་རང་ཆེས་སུ་གྱུར་པ་ནི། འདི་ནི་མི་ཡ་རབས་སེམས་བཟང་རྣམས་འཚོ་ས་དཀའ་བའི་དུས་རབས་ཤིག་རེད།
ཟླ་བོའི་ཕུ་བོ་རིན་ཆེན་གྱི་གྱོད་གཞི་ཐག་གཅོད་དེ་སླར་ཡང་རྒྱུ་མཚན་མེད་པར་ནར་འགྱངས་བྱས་པ་དང་། ནར་འགྱངས་བྱེད་དོན་དང་དུས་ཡུན་གང་ཡང་གླེང་མེད་པ་དེ་དག་ཁ་སང་ཤེས་རྟོགས་བྱུང་། ཁྲིམས་མེད་ལུགས་མེད་དང་ཁྱད་མཚར་བའི་བྱེད་སྟངས་འདི་དག་ངོ་ཚ་ཁྲེལ་མེད་དང་དྲེགས་པ་ཆེན་པོའི་ངང་ནས་བེད་སྤྱོད་གཏོང་རྐྱང་བྱེད་དུས། ང་ཚོས་དེ་དག་རྒྱུན་ལྡན་ཞིག་ཏུ་བརྩི་འོས་སམ། ཡང་ན་སེམས་ཀྱི་ཕུགས་སུ་འཛིན་དགོས་པ་རེད།
གྲོགས་པོ་རྒྱུས་ཡོད་ཆ་ཡོད་ཚང་མས་བུ་སྤུན་གསུམ་ལ་བསྟོད་པའི་ཁ་གཡང་ཕངས་མེད་འཐེན་གྱིན་ཡོད་ཅིང་། ཁོང་གསུམ་པོ་ངོ་རིས་འདྲ་པོ་མེད་ཀྱང་ལས་རྒྱུ་འབྲས་བརྩི་མཁན་གཅིག་འདྲ་ཡིན་ལ། ཁོང་གསུམ་པོས་སྣོད་བཅུད་ཀྱི་ཆོས་ཉིད་སྲུང་ནས་ཆོས་ཐམས་ཅད་ལ་བརྩི་བཀུར་དང་འགྲོ་བ་ཐམས་ཅད་ལ་བློ་དཀར་འཛིན་པ་རེད། གྲོགས་པོ་རྣམས་ཀྱིས་ཁོང་གསུམ་པོའི་གཡོ་ལྷད་བྲལ་བའི་འཛུམ་མདངས་དང་། དྭངས་གཙང་དྲི་མ་མེད་པའི་སྤྱན་གྱི་གཟིགས་ཕྱོགས་རྒྱབ་ཀྱི་དཔའ་ངར་ཞུམ་མེད་ཀྱི་ཐུགས་རྒྱུད་ཡང་བརྗེད་ག་ལ་སྲིད།
སྤུན་རྒན་པ་རིན་ཆེན་ནི་འཇིག་རྟེན་སྐྱེ་བོས་དཔོག་དཀའ་བའི་མི་ཞིག་རེད། ཁོང་གིས་འཇིག་རྟེན་འཁོར་བའི་ཉག་ཉོག་ལ་སྣང་བ་དེ་ཙམ་མི་གཏོང་རུང་། རང་གི་འཇིག་རྟེན་ནང་དུ་ཕོ་རྒོད་པོའི་འཇོན་ཐང་ངོམ་བཞིན་ཡོད། ཁོང་ཉིད་ཆོས་དང་སྨན་གཞུང་ཐད་ལ་མཁས་པ་དང་། རི་མོ་ཡག་པོ་ཞིག་ཀྱང་བྲི་ཤེས། དེ་བཞིན་རྒྱ་སྐད་མི་ཤེས་རུང་གློག་ཀླད་རང་སྦྱོང་བྱས་ནས་མཉེན་ཆས་མང་པོ་ཞིག་བཀོལ་ཤེས་ཀྱི་ཡོད། ཁོང་གིས་བོད་ཀྱི་ཆོས་དང་རིག་གཞུང་ནང་ནས་རྩི་བཅུད་བླངས་ཏེ། མི་དང་རང་བྱུང་ཁམས་མཐུན་པོར་གནས་ཐུབ་པའི་བགྲོད་ལམ་ཞིག་འཚོལ་བ་ལ་ཕྱོགས་སྡོམ་གནང་བཞིན་ཡོད།
སྤུན་ཐ་ཆུང་འཆི་མེད་ཀྱི་སྐེད་ཚིགས་ཐང་པོ་མེད་མོད། ཁོང་རང་བློ་རྒྱུ་དྲང་བ་དང་སེམས་པ་བཟང་བས་ཡུལ་མི་ཀུན་གྱིས་བཀུར་ཡུལ་དུ་གྱུར་ཡོད། དེའི་དབང་གིས་ལོ་མང་རིང་གྲོང་མི་རྣམས་ཀྱིས་གྲོང་དཔོན་ལ་བདམས་པ་དང་། མང་ཚོགས་ཀྱི་དཀའ་ངལ་དང་རྩོད་གཞི་ཐག་གཅོད་བྱ་བར་འབད་འབུངས་ལྷོད་མེད་བྱས་ཡོད་པ་རེད་ལ། གྲོང་ཚོའི་ནང་རྟོག་ཞིབ་ལ་བྱོན་པའི་འགོ་ཁྲིད་ཚོ་ཡང་ཁོང་གི་ནང་དུ་ཞག་ཚུགས་བྱེད་ལ། ཕར་འགྲོ་ཚུར་འགྲོ་རང་ཁྱིམ་བཞིན་དུ་བྱེད་པ་རེད།
ང་ནི་དུས་དང་རྣམ་པ་ཀུན་ཏུ་རི་བོའི་ཕུ་ཡི་གྲོང་སྡེ་རུ་རིན་ཆེན་དང་འཆི་མེད་ལྟ་བུའི་སྐྱེ་བོ་སློབ་གྲྭར་ཉིན་གཅིག་ཀྱང་བསྐྱོད་མྱོང་མེད་ལ། ཕྱི་ཕྱོགས་ཀྱི་ཡུལ་གྲུ་དང་འབྲེལ་གཏུག་མེད་མོད། ནམ་ནམ་ཞག་ཞག་རི་བོ་མཐོར་པོར་འཛེགས་ནས་རྩི་ཤིང་ལ་ཆུ་རྒྱག་པ་དང་། གད་སྙིགས་སྒྲུག་པར་གཞོལ་བར་རྗེས་སུ་ཡི་རང་བྱུང་མྱོང་ཡོད། འོན་ཀྱང་ཁོང་ཚོས་ཆུ་འགོ་གསུམ་ལ་སྲུང་སྐྱོབ་བྱེད་བཞིན་ཡོད་པ་དང་། ཆུ་མོ་དེ་དག་ནི་མི་འབོར་དུར་ཕྱུར་བཅུ་གྲངས་གསོ་བྱེད་ཀྱི་གཙང་པོ་རྣམས་ཀྱི་ཆུ་འགོ་ཡིན་པ་ཡིད་ཀྱི་ཡུལ་ལ་ཡང་ཤར་མྱོང་མེད། གནམ་སྔོན་པོ་དང་སྤྲིན་དཀར་པོའི་འོག་ན། བཞིན་རས་རྡུལ་གྱིས་གཡོགས་པའི་སེམས་བཟང་ཅན་གྱི་མི་བུ་དེ་ཚོ་ནི་དོན་སྙིང་གཞན་ཞིག་གི་ཐོག་ནས་བྱང་སེམས་ཀྱི་ལམ་ཞིག་ལ་སྙེག་བཞིན་ཡོད་པ་མ་ཡིན་ནམ།
དེ་དག་ཚང་མ་འདས་ཟིན་པའི་དོན་དག་ཤ་སྟག་རེད། གནས་ཚུལ་དེ་དག་མིག་མདུན་གྱི་ཆག་སྒོ་དང་བསྡུར་ན་མི་སེམས་སྡུག་གི་མཚོ་མོ་ལས་ཐར་ཐབས་དབེན། རིན་ཆེན་དང་འཆི་མེད་གཉིས་ནི་ན་ནིང་ཟླ་བ་བརྒྱད་པ་ནས་བཙོན་དུ་བཅུག་པ་རེད། ཉེས་པ་གང་ཞིག་བསགས་པ་ཡིན་ནམ། ཁོང་ཚོའི་རང་དབང་འཕྲོག་མཁན་དེ་ཚོས་འགེབས་འགེབས་གཡོལ་གཡོལ་དང་འཇམ་རྩུབ་མཉམ་བསྲེས་བྱེད་པ་ལས་གནས་ལུགས་རྒྱུ་མཚན་དྲངས་རྒྱུ་མེད། དེ་ནས་ཟླ་བཅུ་ཙམ་སོང་བའི་རྗེས་ཏེ། ད་ལོའི་ཟླ་6ཚེས་11ཉིན་སྐམ་རིད་ཟུངས་ཟད་དུ་གྱུར་བའི་འཆི་མེད་སྨན་ཁང་དུ་སྡོད་ཆོག་པའི་གནང་བ་ཐོབ་པ་དང་། སྐབས་དེ་དུས་ཁོང་འཁོར་ལྡན་རྐུབ་སྟེགས་སྡོད་ནས་འགྲོ་སྐྱོད་བྱ་རྒྱུ་དང་། མཁྲིས་ནད་ལྗིད་དུ་སོང་བ་མ་ཚད་ད་དུང་མཁལ་ནད་ཡང་ཕོག་འདུག  ཡ་ང་བའི་མི་སེམས་བཟང་འདི་ཨ།  སྨན་ཁང་གི་ར་འཕྲོད་མེད་ན་བཙོན་ཁང་ནས་ཀྱང་བདག་པོ་རྒྱག་མི་ནུས་པའི་ཚད་དུ་སླེབས་འདུག  དེས་ན་ཁོང་རང་སྨན་ཁང་དུ་གཟུགས་པོར་བརྟག་དཔྱད་ཐེངས་གཉིས་བྱས་མོད། བརྟག་དཔྱད་བྱས་འབྲས་མིག་གིས་མཐོང་རྒྱུ་མི་འདུག་ལ། མཐའ་མ་བཙོན་ཁང་དུ་བཙན་གྱིས་བརྫངས་པ་ཞིག་རེད། ད་ལོའི་ཟླ་6ཚེས་20ཉིན་རིན་ཆེན་ལ་ཁྲིམས་ཐག་གཅོད་རྒྱུའི་དུས་ཚོད་དེ་སྔ་ས་ནས་ཟླ་6ཚེས་24ཉིན་ཡིན་པ་དེ་ནར་འགྱངས་བྱ་རྒྱའི་བརྡ་འབྱོར་སོང་། རྒྱུན་དུ་འཛུམ་དམུལ་ལེར་སྡོད་པར་དགའ་བའི་ཁོང་རང་སྐབས་འདིར་གང་ཞིག་ཡིད་ལ་ཤར་གྱིན་ཡོད་དམ། ཁྱིམ་མི་དྲན་གྱིན་ཡོད་ན། ཡང་ན་གནས་རི་བླ་མཚོ་ལ་སེམས་ཆགས་བཞིན་ཡོད། ཡང་ན་ལོ་མང་དཀའ་ལས་བརྒྱབ་ནས་བསྡུ་སྒྲིག་བྱས་པའི་དཔེ་ཆ་དེ་དག་དྲན་བཞིན་ཡོད། གཅིག་བྱས་ན། ཁོང་གིས་རང་ཉིད་ཡོངས་སུ་བརྗེད་ནས་རང་གི་གཅུང་པོ་གཉིས་ལ་སེམས་ཁྲལ་བྱེད་བཞིན་ཡོད་ཀྱང་སྲིད། ལྷག་པར་དུ་ལོ་མང་ཕ་ཡུལ་ནས་བྲལ་ཞིང་ཕྱི་རུ་ཚོང་གི་ལམ་དུ་སྐྱོད་བཞིན་པའི་གཅུང་པོ་སྟེ་ང་ཡི་ཟླ་བོ་ལ་དྲུག་གཅིག་ཉིན་མོར་ཁྲིམས་ཐག་གཅོད་རྒྱུ་དེ་ནས་ནར་འགྱངས་བྱས་རྗེས་སང་ཉིན་ཁྲིམས་ཐག་བསྐྱར་དུ་སྒུག་བཞིན་པ་དེ་ལ་སེམས་འཕྲེང་བཞིན་ཡོད་ངེས་རེད།
ཁོང་ཚོའི་གཉེན་ཉེ་གཞན་ཞིག་སྟེ། སྐབས་དེ་དུས་སྒོམ་སྒྲུབ་གནང་བཞིན་པའི་དགེ་འདུན་པ་རིན་ཆེན་རྡོ་རྗེ་ཡང་ཟླ་གསུམ་གྱི་གོང་དུ་ཁུར་ལེའི་ཉེན་རྟོག་པས་བཙན་གྱིས་འཁྲིད་སོང་བ་རེད། རྒྱུ་མཚན་ནི་སྔ་ས་ནས་མཇུག་བསྡུས་ཚར་བའི་ལོ་བཅུ་གྲངས་གོང་གི་དོན་ཞིག་བསྐྱར་དུ་བསློགས་ནས་གསར་བཟོ་བྱས་པ་དང་། ལོ་བཅུ་གྲངས་གོང་དུ་ཁོང་གིས་རང་གི་སྤུན་ཉེ་ངའི་ཟླ་བོ་ལ་སྐད་སྒྱུར་བྱས་པའི་དབང་གིས་རེད། འཛིན་བཟུང་མ་བྱས་གོང་ཁོང་རང་སྒོམ་སྒྲུབ་ལ་ཞུགས་ནས་ལོ་བཅུ་ཟིན་གྲབས་ཡོད། ཟླ་ལྔ་པའི་ཟླ་མཇུག་ཏུ་ང་ཚོས་ས་གནས་དེ་གའི་སྨན་ཁང་ནས་ཁོང་གློག་ཚའི་མནར་གཅོད་ཀྱིས་རྨས་ཏེ་སྨན་ཁང་དུ་བསྐྱལ་བ་ཤེས་རྟོགས་བྱུང་བ་དང་། དེ་རྗེས་བཙོན་ཁང་དུ་འདྲི་བར་འགྲོ་དུས་དོན་དེའི་སྐོར་གསལ་བཤད་མི་བྱེད་པ་མ་ཚད། ཡུལ་ཤུལ་གྱི་དགེ་འདུན་པ་དེ་ལྷ་སར་བསྐྱལ་བ་རེད་ཟེར། ལྷ་ས་ཕྱོགས་ལ་སྐད་ཆ་འདྲི་དུས་གནས་ཚུལ་དེ་འདྲ་ཡོད་པ་ཤེས་ཀྱི་མེད་ཟེར་བ་སོགས་དོགས་པ་བསེད་དཀྲོལ་བྱེད་དཀའ་བར་གྱུར་སོང་། ད་ཆ་ངས་ཁོང་རང་ས་ཆ་གང་དུ་ཡོད་པ་མི་ཤེས་ལ། ནམ་རྒྱུན་གད་མོ་ལྷང་ལྷང་དུ་དགོད་པར་སྤྲོ་བའི་ཁོང་གི་ངང་ཚུལ་ཡང་ཡང་ཡིད་ལ་ཤར་གྱིན་འདུག 
ད་དུང་སྤུན་ཉེ་བསོད་ནམས་ཆོས་འཕེལ་ཡང་ན་ནིང་ལོ་མཇུག་ཏུ་རྒྱུ་མཚན་གང་ཡང་མེད་པར་འཛིན་བཟུང་བྱས་སོང་ལ་ལོ་གཅིག་དང་ཕྱེད་ཀའི་ངལ་རྩོལ་བསྒྱུར་བཀོད་ཀྱི་ཁྲིམས་ཐག་བཅད་སོང་།
ང་རང་ཆུང་མ་ཞིག་གིས་རང་གི་ཟླ་བོ་ལ་དག་སེལ་བྱེད་པར་ཡང་སྙིང་གཞན་གྱིས་བློ་ཁ་ཇི་ཙམ་གཏོད་མིན་ཧ་གོ་གི་མེད། འོན་ཀྱང་ཆ་རྒྱུས་ཡོད་མཁན་ཚང་མས་ངའི་ཟླ་བོ་ལ་བཅངས་པའི་ཡིད་ཆེས་དེས་ང་རང་སེམས་འགུལ་ཐེབས་ལ་གདེང་ཚོད་ཞིག་ཀྱང་རྙེད་བྱུང་།  གཟི་ཡི་རྒྱལ་པོ་དང་།  ཁོར་ཡུག་སྲུང་སྐྱོབ་པ། དགེ་རྩ་སྒྲུབ་མཁན།  ཕུལ་བྱུང་ཚོང་པ། ངལ་རྩོལ་དཔེ་བཟང་སོགས་སྨིག་སྒྱུ་ལྟ་བུའི་མཚན་སྙན་དེ་དག་ཡོངས་སུ་དོར་ན་ཡང་། ངའི་ཟླ་བོ་ནི་ཕྱི་གསལ་ནང་གསལ་གྱི་མི་ཞིག་དང་། མི་ཐམས་ཅད་ཀྱིས་དགའ་པོ་བྱེད་སའི་ཡ་རབས་གཞུང་དྲང་ཞིག་ཡིན་པ་མ་ཚད། ཁོང་རང་རྒྱུན་དུ་ཁྱིམ་དུ་མ་བཞུགས་པ་དང་། ཁོང་གི་རྒྱུ་དང་ནུས་ཤུགས་ཡོད་ཚད་རིག་གནས་དང་ཁོར་ཡུག་སྲུང་སྐྱོབ་ལ་ཕུལ་ཡང་རུང་། ངའི་སེམས་ནང་དུ་ཆེས་བརྩེ་ཤོས་ཀྱི་མི་དེ་ཡིན།  ང་རང་ཆུང་མ་ཞིག་དང་མ་ཡུམ་ཞིག་གི་ཚོད་ནས་སྐྱོ་གདུང་གཞན་ཞིག་མྱོང་བཞིན་ཡོད་མོད། ང་རང་གིས་འདི་ལྟ་བུའི་སྒེར་སེམས་མེད་པའི་མི་ཞིག་ལ་རྒྱབ་སྐྱོར་བྱེད་རྒྱུ་བྱུང་བ་ནི་རང་ཉིད་ཀྱི་ལས་སྐལ་བཟང་པོ་ཡིན་པར་ཚོར་བཞིན་ཡོད།
ཁོང་དང་། ཁོང་ཚོ། ཁྱེད་རྣམ་པ། ད་དུང་མི་མང་པོ་ཞིག་མཐོང་དུས། ངས་འཛམ་གླིང་འདི་ནི་ཟ་འཐུང་ཉལ་གསུམ་གྱི་ཁྲོད་དུ་ཆུ་ཚོད་24བསྐྱེལ་བ་ཁོ་ན་མ་ཡིན་པར་ཡིད་ཆེས་ཆེ་ནས་ཆེ་རུ་འགྲོ་ཡི་འདུག གལ་སྲིད་མི་དང་མིའི་བར་དུ་དྲོད་མ་ཡལ་བའི་སྙིང་གིས་འབྲེལ་ཐུབ་པ་དང་། གལ་སྲིད་མི་དང་སེམས་ཅན་གཞན་འདྲ་མཉམ་ངང་དུ་གནས་ཐུབ་པ།  གལ་སྲིད་མི་རྣམས་གདོད་མའི་གཞི་ལ་ལོག་ནས་རང་བྱུང་ཁམས་དང་གཅིག་ཏུ་འདྲེས་ཐུབ་ན།  མི་ཡི་འཇིག་རྟེན་ཡང་ཡུན་དུ་གནས་ཐུབ་ངེས་རེད།  འདི་ནི་ངའི་ཟླ་བོའི་ཚེ་གང་གི་ཕུགས་འདུན་ཏེ། ཁོང་གིས་རིག་གནས་དང་ཁོར་ཡུག་སྣ་མང་མཉམ་གནས་ཡོང་བར་འབད་པ་གནང་ཡོད་ལ། འདི་ནི་ཡ་རབས་དྲང་བདེན་དང་རང་བྱུང་ཁམས་ཀྱི་མཛེས་པས་ང་ཚོ་ལ་གནང་བའི་སྟོབས་ཤུགས་ཀྱང་རེད། འདི་དང་བསྡུར་ན།  ལས་རྒྱུ་འབྲས་མི་བརྩི་ཞིང་ལྟོ་བགྲངས་འབའ་ཞིག་གི་ཆེད་དུ་འཚོ་བའི་མི་ཚེ་ནི་ཅི་འདྲའི་གླེང་རིན་མེད་པ་ཞིག་དང་། དེ་དག་གི་མི་ཚེ་ནི་ཆེས་ཐུང་ལ་དོག་པ་ཞིག་ཡིན་ཞིང་། ཐ་ན་ལྗོན་ཤིང་རྐང་གཅིག་དང་རླུང་བུ་འཚུབ་མ་ཞིག་ལ་ཡང་དོ་མི་ཐུབ། དེ་དག་གི་མི་ཚེ་ནི་དུས་ཀྱིས་བརྗེད་ངད་ཁྲོད་བོར་རྒྱུ་རེད་ལ།  ས་རྡུལ་གྱིས་ཤུལ་མེད་པར་འགེབས་ངེས་རེད།

མཆན།  དེ་རིང་ནི་ཀརྨ་བསམ་གྲུབ་ལ་མ་ཉེས་ཁ་གཡོགས་ངང་ཁྲིམས་ཐག་གཅོད་རྒྱུའི་ཉིན་མོ་དེ་རེད།  ཁོང་ལ་ཉེས་པ་མེད་པ་ནི་གསལ་གསལ་ཐིང་ཐིང་ཡིན་མོད།  ཆད་པ་ཇི་འདྲ་ཞིག་གཅོད་མིན་ནི་རྟོགས་དཀའ་བ་ཞིག་རེད།  གོང་གི་རྩོམ་ཡིག་འདི་ནི་ཁོང་གི་ཆུང་མས་ཚེས་21ཉིན་གསར་དུ་ཁ་ཕྱེས་བའི་ཁོང་རང་གི་ཟིན་བྲིས་ངོས་སུ་བཀོད་འདུག་ལ།  དེའི་གོང་དུ་ཁོང་གིས་ཟིན་བྲིས་ཤིག་ཁ་ཕྱེ་མོད། ཉིན་གཅིག་ཡང་མ་ཟིན་པར་རྒྱ་ནག་གཞུང་གིས་བཙན་བཀག་བཏང་བ་རེད།  གུས་པས་ཁོང་གི་རྩོམ་འདི་བསྒྱུར་ནས་ཀརྨ་སྤུན་གསུམ་གྱི་ལས་དབང་ལ་སྐྱེ་བོ་སྔར་བས་མང་བས་དོ་ཁུར་དང་དཔུང་རོགས་གནང་རྒྱུའི་རེ་བ་འཆང་བཞིན་ཡོད།

དྲུག་བཞིའི་སྐྱོ་གར་དང་ཤེས་ལྡན་པའི་འགན་འཁྲི།

ཚོ་ཁྲང་ཆིང་གིས་བརྩམས། ནགས་ཤོད་རིག་རལ་གྱིས་བསྒྱུར།

དྲུག་བཞི་དམར་གསོད་དོན་རྐྱེན་བྱུང་ནས་ལོ་ཉི་ཤུ་ཏག་ཏག་སོང་བ་རེད། དེ་རིང་ལས་འགུལ་དེ་ལ་ཕྱི་མིག་ཅིག་བལྟས་ཚེ། དེ་ཉིད་ཕམ་ཉེས་ཤོར་བར་བརྩིས་ན། མ་མཐར་ཡང་རྒྱུ་རྐྱེན་གཉིས་འདུག  རྒྱུ་རྐྱེན་ཆེས་གཙོ་བོ་ནི་གུང་ཁྲན་ཏང་གིས་གཏུམ་དྲག་ཆེན་པོས་དྲག་གནོན་བྱས་པ་སྨོས་མེད་ཡིན་ཏེ། སྐབས་དེར་རྒྱ་ནག་གུང་ཁྲན་སྲིད་གཞུང་གིས་བྱེས་འཐབ་དམག་དཔུང་བཏང་ནས་མང་ཚོགས་དམར་གསོད་བཏང་བ་རེད། རྒྱུ་རྐྱེན་གཞན་ཞིག་ནི་རྒྱ་ནག་གི་ཤེས་ལྡན་པས་མི་བུའི་ཁེ་དབང་དང་། མི་བུ་སྒེར་གྱི་རང་དབང་། གུང་ཁྲན་དབང་སྒྱུར་ལ་རྫོགས་ཚིག་སྦྱོར་བའི་གཞི་རྩའི་རིན་ཐང་བཅས་པ་དར་ཁྱབ་ཏུ་བཏང་ཐུབ་མེད་པར་བརྟེན། སློབ་མའི་ལས་འགུལ་དེའི་ལངས་ཕྱོགས་གཙོ་བོ་ཡང་སྔར་བཞིན་རྒྱལ་གཅེས་རིང་ལུགས་སོགས་ཡིན་གཤིས། ཕྱི་རབས་པར་རང་དབང་རིང་ལུགས་ཀྱི་བསམ་པའི་རྒྱགས་ཕྱེ་ཧ་ལམ་བཞག་ཐུབ་མེད།

   རྒྱུ་རྐྱེན་དང་པོའི་སྐོར་གྲོས་མོལ་བྱེད་སླ་ལ་ཁ་ཡང་གསལ་པོ་རེད། ཕྱིས་སུ་མི་རྣམས་ཀྱིས་གོ་བ་ལྟར་ན། སྐབས་དེར་རྒྱ་ནག་གི་དབང་འཛིན་པ་ཏེང་ཞོ་ཕིང་གིས། “མི་ཉིས་འབུམ་བསད་དགོས་ཀྱང་གུང་ཁྲན་ཏང་གིས་མུ་མཐུད་དབང་སྒྱུར་ལོ་ཉི་ཤུ་བྱེད་ཐུབ་པར་འགན་ལེན་བྱ་དགོས་”པའི་བློ་ཐག་བཅད་པ་དང་། “དེ་ནི་བསད་རིན་ཆོག་པ་”ཞིག་ཡིན་པའི་ངོས་འཛིན་བྱས་ཡོད། དེ་ལྟར་གུང་ཁྲན་ཏང་གིས་ཁྲག་གི་འཁོར་ལོ་བསྐོར་ནས་ལག་ལ་ཁབ་ཙེ་ཙམ་ཡང་མེད་པའི་སློབ་མ་དང་གྲོང་མི་དམར་གསོད་བཏང་བ་རེད།
   ཕྱོགས་གཞན་ཞིག་ནས་༨༩ལོའི་དམངས་གཙོའི་ལས་འགུལ་ལ་མནོ་བསམ་ཞིག་བཏང་ན། དེས་ཧ་ལམ་བསམ་བློའི་ཤུལ་བཞག་གང་ཡང་བཞག་ཐུབ་མེད། སྐབས་དེ་དུས་གཙོ་བོ་སློབ་མས་སྣེ་ཁྲིད་པའི་ལས་འགུལ་དེའི་འབོད་ཚིག་གཙོ་བོ་ནི་རུལ་སུངས་ལ་རྒོལ་བ་དང་རྒྱལ་ཁབ་ལ་བདག་གཅེས། བསྒྱུར་བཅོས་བྱ་རྒྱུ་བཅས་ཡིན་པ་ལས། མི་བུ་སྒེར་གྱི་རང་དབང་དང་ཁེ་དབང་སོགས་པའི་རང་དབང་རིང་ལུགས་པའི་རིན་ཐང་བཏོན་མཁན་ཧ་ཅང་ཉུང་ཉུང་རེད་ལ།  གུང་ཁྲན་སྒེར་གཅོད་ལམ་ལུགས་མཇུག་སྒྲིལ་བ་དང་། རྒྱལ་ཡོངས་ཀུན་ཁྱབ་ཀྱི་འདེམས་བསྐོ་བྱེད་པ། དེ་བཞིན་མི་དམངས་ལ་ཆབ་སྲིད་ཀྱི་འདེམས་དབང་ཡོད་པའི་དམངས་གཙོའི་བླང་བྱ་བཏོན་མཁན་དེ་བས་མེད།

  སློབ་མ་ཚོའི་བསམ་བློའི་གནས་ཚད་འདི་འདྲ་ཞིག་ཏུ་ལུས་པར་རྒྱུ་མཚན་ཡོད་དེ། སྐབས་དེ་དུས་རྒྱ་ནག་གི་ཤེས་ལྡན་པ་ཕལ་ཆེ་བའི་བསམ་བློའི་ཆུ་ཚད་ད་དུང་ཏང་ནང་གི་བསྒྱུར་བཅོས་ཤོག་ཁག་ལ་རྒྱབ་སྐྱོར་བྱེད་པའི་རྒྱ་ལ་ཚུད་ཡོད་པ་དང་། སློབ་མ་ཚོར་རང་རྒྱལ་ཁབ་ཀྱི་ཤེས་ལྡན་པའི་ནང་ནས་རང་དབང་རིང་ལུགས་པ་ངོ་མའི་བསམ་པའི་རྒྱགས་ཕྱེ་ཐོབ་རྒྱུ་མེད་པས་རེད།

མི་ཞིག་གིས་རྐུབ་སྟེགས་གཉིས་ལ་དུས་གཅིག་ཏུ་སྡོད་ཐབས་མེད།
 དེ་རིང་ཡོ་རོབ་ཤར་མ་དང་ཨུ་རུ་སུའི་གུང་ཁྲན་སྒེར་གཅོད་ལམ་ལུགས་ཚང་མར་རྫོགས་ཚིག་བཏགས་ཟིན་པ་དང་མི་དམངས་ལ་རང་དབང་ཐོབ་ཡོད། འོན་ཀྱང་རྒྱ་ནག་ནི་སྔར་བཞིན་གུང་ཁྲན་ཏང་གི་དབང་སྒྱུར་འོག་བསྡད་ཡོད། འདི་ལ་རྒྱུ་མཚན་ཧ་ཅང་མང་པོ་ཡོད་པ་ལས་གཅིག་ནི་ས་གཉིས་ཀྱི་ཤེས་ལྡན་པ་གཙོ་གྲས་དག་གི་བསམ་བློའི་ཆུ་ཚད་ལ་ཁྱད་པར་ཆེན་པོ་ཡོད་པས་ཡིན། སྐབས་དེའི་ཡོ་རོབ་ཤར་མ་དང་ཨུ་རུ་སུའི་ཤེས་ལྡན་པ་དེ་ཚོས་སྔ་ས་ནས་གུང་ཁྲན་རིང་ལུགས་རྩ་བ་ནས་ཁས་ལེན་མི་བྱེད་མོད། རྒྱ་ནག་གི་ཤེས་ལྡན་པ་དག་གིས་ཏང་ནང་གི་བསྒྱུར་བཅོས་ཤོག་ཁག་ལ་རྒྱབ་སྐྱོར་རྣམ་དག་བྱེད་པ་དང་སྔར་བཞིན་གུང་ཁྲན་ཏང་གི་དབང་སྒྱུར་དེ་ཁྲིམས་དང་མཐུན་པ་ཞིག་ཡིན་པར་ཁས་ལེན་བྱེད་ཀྱི་ཡོད། འདི་ནི་གནམ་བདེ་སྒོ་མོའི་ལས་འགུལ་གྱི་རེ་འབོད་ཚད་གཞིའི་རག་ལས་ས་ཡིན་ལ་དེར་ཤུགས་རྐྱེན་ཡང་ཐེབས་ཡོད།
དཔེར་ན། སྔར་ལོ་རབས་ལྔ་བཅུ་པ་ནས་ནན་སི་ལ་ཕུར་ལྟ་བ་མི་འདྲ་བ་འཛིན་མཁན་ཤེས་ལྡན་པ་ཅི་ལ་སིས་གུང་ཁྲན་རིང་ལུགས་ལམ་ལུགས་ཀྱི་གནད་དོན་ལ་སྐྱོན་ཞིབ་བྱས་པ་དང་། ཁོང་གི་ལྗགས་རྩོམ་《གྲལ་རིམ་གསར་པའི་》ནང་དུ། “གུང་ཁྲན་ཏང་དེ་ད་ཆ་གཡོ་ལེན་ཧམ་འཕྲོག་དང་མི་དམངས་ལ་གཉའ་གནོན་བྱེད་མཁན་གྱི་དམིགས་བསལ་དབང་ཆ་ཡོད་པའི་གྲལ་རིམ་གསར་པ་ཞིག་ལ་གྱུར་འདུག་”ཅེས་ཁ་གསལ་བཏོན་ཡོད། ཨུ་རུ་སུའི་སྒ་པ་ཆོ་ཕུའི་བསམ་གཞི་གསར་པ་ཞེས་པའི་བསྒྱུར་བཅོས་དེར་འཛམ་གླིང་ཡུལ་གྲུ་ཁག་ནས་དོ་སྣང་བྱེད་པའི་དུས་སུ། ཅི་ལ་སིས་《ནིའུ་ཡོག་དུས་བབ་》ཐོག། “ཧོ་ལུ་ཞོ་ཕུ་དང་། སྒ་པ་ཆོ་ཕུ། ད་དུང་མི་སྣ་གཞན་དག་ཚང་མས་གུང་ཁྲན་རིང་ལུགས་ལ་བསྒྱུར་བཅོས་གཏོང་ཐུབ་པར་ངོས་འཛིན་གྱི་ཡོད།  འོན་ཀྱང་དེ་ནི་རྦད་དེ་མི་སྲིད་པ་ཞིག་ཡིན་ཏེ། གུང་ཁྲན་རིང་ལུགས་ནི་བསྒྱུར་བཅོས་བྱེད་ཐབས་མེད་པ་ཞིག་རེད།  གུང་ཁྲན་ཏང་གི་འགྲོ་ལམ་གཅིག་པུ་དེ་ནི་ལོ་རྒྱུས་ཀྱི་སྡིངས་ཆ་ནས་འབབ་རྒྱུ་དེ་རེད་”ཅེས་ཚིག་ཐག་བཅད་ཡོད།

ཨུ་རུ་སུའི་ལྟ་བ་མི་གཅིག་པ་འཛིན་མཁན་ཤེས་ལྡན་པ་སོར་རེན་ཉི་ཆིན་དང་ས་ཧ་ལོ་ཕུ་སོགས་ཀྱང་གུང་ཁྲན་དབང་སྒྱུར་ལ་རྫོགས་ཚིག་འདོགས་པའི་བསམ་བཀོད་འདིང་མཁན་ཞིག་རེད། སོར་རེན་ཉི་ཆིང་གིས་“ང་ཚོ་རྫུན་གཏམ་ལ་བརྟེན་ནས་འཚོ་བ་མི་བསྐྱེལ་”ཞེས་པའི་རྩོམ་ཡིག་བྲིས་ནས། གུང་ཁྲན་རིང་ལུགས་ནི་རྫུན་གཏམ་ཐོག་དྲག་ཤུགས་བསྣན་མཁན་ཞིག་ཡིན་པ་དང་། ཤེས་ལྡན་པས་བྱེད་དགོས་པ་ནི། གུང་ཁྲན་གྱི་རྫུན་རྐུབ་བཏོལ་དགོས་པ་ཡིན། རྫུན་གཏམ་གྱི་ཟོལ་ཆས་དེ་མེད་ན། དྲག་ཤུགས་ཀྱིས་དབང་སྒྱུར་བྱེད་ཐབས་བྲལ་བ་རེད་ཅེས་བཤད་ཡོད།

ས་ཧ་ལོ་ཕུས་“མི་གཅིག་གིས་རྐུབ་སྟེགས་གཉིས་ལ་དུས་གཅིག་ཏུ་སྡོད་ཐབས་མེད།” ཡང་ན་གུང་ཁྲན་གྱི་རྫུན་གཏམ་ལ་ངོ་དགའ་བྱེད་པའམ་ཡང་ན་དེ་ལ་འགོག་རྒོལ་བྱས་ནས་དོན་དངོས་ཁྱབ་སྤེལ་བྱ་དགོས་ཞེས་བཤད་པ་མ་ཚད། གུང་ཁྲན་ཏང་དང་ཤ་ཁག་ཁག་གྲི་སོ་སོ་བྱེད་པའི་ལམ་ཁ་བདམས་ནས་《ནིའུ་ཡོག་དུས་བབ་》ཐོག་ཞིབ་འཇུག་པ་རྣམས་ཀྱིས་“ཨུ་རུ་སུའི་དབང་ཆ་གཅིག་སྡུད་ལམ་ལུགས་ཀྱི་ཁྲིམས་ཆད་བསྒྲགས་གཏམ་”ལ་འབོད་པའི་རྩོམ་ཡིག་སྤེལ་ཏེ་གུང་ཁྲན་གྱི་དགོངས་གཞི་མེད་པའི་དམངས་གཙོའི་སྤྱི་ཚོགས་ཤིག་འཛུགས་དགོས་པའི་རེ་འབོད་བྱས་ཡོད།  སོར་རེན་ཉི་ཅིང་གིས་“སྐབས་དེ་དུས་ཨུ་རུ་སུའི་རུལ་སུངས་དང་། སྒེར་གྱི་ཁེ་ཕན་གཙིགས་ཆེར་འཛིན་པ། རྩ་དོན་གང་ཡང་མེད་པའི་ཤེས་ལྡན་པའི་ཕུང་ཚོགས་ནང་། ས་ཧ་ལོ་ཕུ་ལྟ་བུ་ཐོན་པ་ནི་ངོ་མཚར་དགོས་པ་ཞིག་རེད་”ཅེས་གདེང་འཇོག་བྱས་པ་རེད།

གུང་ཁྲན་ཏང་ལ་དུར་ཁྲོད་འཚོལ་བ།

ཁོང་ཚོ་དང་དུས་རབས་གཅིག་པ་ཡིན་པའི་ཡོ་རོབ་ཤར་མའི་ལྟ་བ་མི་གཅིག་པའི་ཤེས་ལྡན་པ་ཧ་ཝེར་དང་ཁུན་ཏེ་ལ་ཡང་དེ་ལྟར་ཡིན་ཏེ། གུང་ཁྲན་རིང་ལུགས་གཏན་ནས་ཁས་ལེན་གྱི་མེད།  ཁུན་ཏེ་ལས་གསུངས་དོན། “མི་དང་བཙན་དབང་གི་འཐབ་རྩོད་ནི་དྲན་ཤེས་དང་བརྗེད་ངད་ཀྱི་འཐབ་རྩོད་ཅིག་རེད།  རྫུན་རྐུབ་བརྟོལ་ན་གཞི་ནས་དྲན་ཤེས་གསོ་ཐུབ། ཤེས་ལྡན་པ་ཞིག་གིས་གུང་ཁྲན་ཏང་གི་གནད་དོན་རེ་རེ་ཚང་མར་དོགས་གཅོད་བྱས་ཏེ། ལྕགས་ཀྱི་འཁྲབ་ཡོལ་གྲི་ཡིས་བཤགས་ན་མི་རྣམས་ཀྱིས་རྒྱབ་ཏུ་ཡིབ་པའི་ངམ་ནག་མཐའ་དག་མཐོང་ཐུབ།”   ཧ་ཝེར་གྱི་“དབང་མེད་པ་ཡི་དབང་ཆ་”ཞེས་པའི་རྩོམ་ཡིག་ནང་། ང་ཚོས་རྒྱལ་པོས་གོས་གསར་བཀླུབས་མི་འདུག་ཅེས་བློ་སྟོབས་ཆེན་པོས་སྐད་ཅོར་བརྒྱབ་ནས་གུང་ཁྲན་གྱི་རྫུན་གཏམ་གྱི་ཕྱི་ཤུན་དེ་བཙག་བཤགས་གཏོང་དགོས་ཞེས་སྐད་བསངས་མཐོན་པོས་འབོད་སྐུལ་གནང་ཡོད། ཧ་ཝེར་གྱིས་རྒྱལ་པོ་གཅེར་བུ་ཡིན་པར་འབོད་མཁན་དཔའ་རྒོད་དེ་ཚོར་བསྟོད་པ་ཆེན་པོ་གནང་བ་དང་། ཐམས་ཅད་གོ་མེད་ཚོར་མེད་དང་བཟང་སྤྱོད་རྒུད་པའི་སྤྱི་ཚོགས་ནང་ཐང་ཅི་ཁེ་ཏེ་ལྟ་བུའི་ཆབ་སྲིད་ཀྱི་བྱེད་སྒོ་སྤེལ་བར་བསྟོད་པའི་མེ་ཏོག་ཕངས་མེད་གཏོར་བ་རེད།

འདི་ལྟར་གོམ་གང་གིས་ཡུལ་ལ་འབྱོར་བ་བཞིན་གུང་ཁྲན་རིང་ལུགས་ཧྲིལ་གྱིས་དོར་ཏེ། གུང་ཁྲན་ཏང་ལ་གོས་གསར་མེད་པ་ཆེས་ཆེར་སྒྲོག་པར་བརྟེན། མི་རྣམས་ལ་ལྟ་ཕྱོགས་གསར་པ་ཞིག་བསྟན་ཐུབ་ཡོད་པ་དང་། དེས་མང་ཚོགས་རྟོགས་པ་སད་པར་སྐུལ་འདེད་བླ་ལྷག་ཐེབས་ཡོད་པ་ལོས་ཡིན། དེར་བརྟེན་ལོ་རྒྱུས་ཀྱི་གོ་སྐབས་སླེབས་དུས། རྒྱ་ནག་གི་ཤེས་ལྡན་པ་ལྟར་གུང་ཁྲན་ཏང་གི་ཁྲོད་ནས་ཧུ་ཡོ་པང་དང་ཀྲོ་ཙེ་དབྱང་སོགས་པའི་བསྒྱུར་བཅོས་ཤོག་ཁག་འཚོལ་གྱིན་མ་བསྡད་པར། ཨུ་རུ་སུ་དང་ཡོ་རོབ་ཤར་མའི་མི་དམངས་ཀྱིས་གུང་ཁྲན་ཏང་སྲིད་མཐའི་དུར་ཁྲོད་ལ་བརྫངས་བ་རེད།

ལིག་པིང་ཡན་གྱིས་མ་ཤི་བར་དུ་སྤྱང་ཀི་སེམས་བཟང་བཙལ་བ།

༨༩ལོའི་དམངས་གཙོའི་ལས་འགུལ་གྱི་དུས་རབས་ནང་རྒྱ་ནག་གི་ཤེས་ལྡན་པའི་ཁྲོད་གཙོ་བོའི་དགོངས་གཞི་ཞིག་ཡོད་པ་ནི་ཏེང་ཞོ་ཕིང་སོགས་པའི་བསྒྱུར་བཅོས་ཤོག་ཁག་ལ་རྒྱབ་སྐྱོར་བྱ་རྒྱུ་དེ་རེད། ལིག་པིང་ཡན་གཙོས་པའི་ཤེས་ལྡན་པ་མི་ཚོགས་ལ་ཤུགས་རྐྱེན་ཆེན་པོ་སྤྲོད་ཐུབ་མཁན་མང་པོ་ཞིག་ནི་གུང་ཁྲན་ཏང་མི་རེད། ལིག་པིང་ཡན་གྱི་ཚབ་མཚོན་རྩོམ་ཡིག་“ལྷག་བསམ་གཉིས་པའི་”ནང་། ལྷག་བསམ་མི་འདྲ་བ་ག་ཚོད་ལ་ནན་བཤད་བྱས་ན་ཡང་མཐའ་མ་འབབ་ས་ནི་གུང་ཁྲན་ཏང་ལ་ལྷག་བསམ་དཀར་པོ་བྱ་དགོས་པ་དེ་རེད། ཏང་ནང་གི་མི་ངན་དང་འཐབ་རྩོད་བྱེད་དགོས་ཟེར་བ་ནི་ཏང་དེ་སྐྱོན་དང་བྲལ་བ་ཡོང་བ་དང་། སྔར་ལས་བཟང་བའི་སྤྱི་ཚོགས་རིང་ལུགས་ཤིག་བཟོ་ཐུབ་པའི་ཆེདུ་དུ་རེད། ཅེས་བཤད་ཡོད། ཕྱིས་སུ་ལིག་པིང་ཡན་ཨ་རིར་ལོ་༢༠ཉེ་བ་བཙན་བྱོལ་དུ་བསྡད་པ་དང་། མ་གྲོངས་གོང་དུ་ད་དུང་གུང་ཁྲན་ཏང་འཚོལ་གྱིན་ཡོད་ལ། སྤྱི་ཚོགས་རིང་ལུགས་དེ་རྒྱ་ནག་ཏུ་འདི་ལྟར་ཕམ་ཉེས་སུ་འགྲོ་རྒྱུ་ཡིན་ནམ་ཞེས་ཡིད་ལ་མི་འདོད་བཞིན་དུ་ཁ་ནས་ཤོར་ཡོད། ལྷག་བསམ་གཉིས་པའི་ཚབ་མཚོན་མི་སྣ་འོས་པའི་རྒྱ་ནག་གི་ཤེས་ལྡན་པ་དག་གིས་རྒྱ་ནག་མི་དམངས་ལ་སྤྲད་པའི་བརྡ་ནི་སྔར་བཞིན་འདི་ལྟར་ཡིན་པ་སྟེ། གུང་ཁྲན་ཏང་ནི་འགྱུར་བ་གཏོང་རྒྱུ་ཡོད་པ་དང་ཡག་པོ་ཆགས་ཐུབ་པ་རེད། སྤྱང་ཀི་ནི་སེམས་བཟང་ཅན་དུ་འགྱུར་ཐུབ་པ་རེད་ཟེར་བ་དེ་རེད། དྲུག་བཞི་དོན་རྐྱེན་ནང་མང་ཚོགས་མང་པོ་འདི་འདྲར་རྐྱེན་ངན་འཕྲད་པ་དེ་རྒྱ་ནག་གི་ཤེས་ལྡན་པས་སྤྱང་ཀིའི་གཤིས་ཀར་ངོས་འཛིན་གསལ་པོ་མ་བྱུང་བ་དང་འབྲེལ་བ་ཡོད་པ་ཞིག་རེད། དམར་གསོད་མ་བཏང་གོང་གི་མཚན་དགུང་དེར་གནམ་བདེ་སྒོ་མོའི་ཐང་ཆེན་དུ་ཡོད་པའི་ཤེས་ལྡན་པ་དེ་ཚོས་ད་དུང་“ང་ཚོར་དགྲ་བོ་མེད་”ཅེས་སྐད་འབོད་བྱེད་པ་དང་། ཨ་རིར་ཡོད་པའི་དམངས་གཙོའི་ལས་འགུལ་སློབ་སྟོན་པ་དག་གིས་ཀྱང་ད་དུང་གུང་ཁྲན་ཏང་དང་བསམ་པ་བརྗེ་རེས་བྱེད་ཐུབ་རྒྱུའི་སྟོང་བསམ་འཆང་བཞིན་ཡོད། མཐའ་མ་མེ་མདའི་མདེའུ་ལུས་ཐོག་ཏུ་ཕོག་ན་ཡང་ད་དུང་འགྱིག་གི་མདེའུ་ལ་འཁྲུལ་བཞིན་ཡོད་པ་རེད། རྒྱ་ནག་གི་ཤེས་ལྡན་པས་སྤྱང་ཀི་སེམས་བཟང་འཚོལ་བའི་སྟོང་བསམ་གྱི་ཁྲིད་སྟོན་འོག། གནམ་བདེ་སྒོ་མོའི་ཐང་ཆེན་ཐོག་གི་སློབ་མ་རྣམས་ཀྱིས་འཛམ་གླིང་འདིའི་ཐོག་སེམས་རྒྱུད་བཟང་བའི་སྤྱང་ཀི་མེད་ལ། སྤྱང་ཀི་ཡིན་ཚེ་རང་གཤིས་ནི་མི་ཤ་ཟ་བ་དང་། སྤྱང་ཀིའི་འཇིག་རྟེན་དེ་མཇུག་བསྒྲིལ་བ་ཡིན་ན། ལུག་འཚོ་ཐུབ་པའི་ཁོར་ཡུག་ཅིག་བསྐྲུན་ཐུབ་སྲིད་པའི་གནས་ལུགས་དེ་ཤེས་ཐུབ་མེད་པ་རེད།

རྒྱལ་པོར་འགྲན་སློང་བྱེད་པ་མ་ཚད། གོང་མའི་གཞུང་ཧྲིལ་གྱིས་སྤངས་དགོས།

ཡོ་རོབ་ཤར་མ་དང་ཨུ་རུ་སུའི་ཤེས་ལྡན་པས་སྤྱང་ཀི་སེམས་བཟང་འཚོལ་བར་མ་ཕྱིན་པར། བློ་དཀར་སེམས་དཀར་གྱི་མི་དམངས་ལ་གུང་ཁྲན་ཏང་ནི་སྤྱང་ཀི་ཡིན་པ་དང་། ངེས་པར་དུ་མི་ཤ་ཟ་བའི་ལམ་ལུགས་དེ་མཇུག་བསྒྲིལ་དགོས་ཚུལ་དམར་བཤད་བྱས་པ་རེད། སོར་རེན་ཉི་ཅིང་གིས།“འདི་ནི་འགྲོ་བདེ་བའི་ལམ་བུ་ཞིག་ཡིན་པ་ཨ་ཅང་བརྗོད་མེད་རེད། ལུས་པོ་ལས་བཤད་ན་འདི་ནི་དཀའ་ངལ་ཆེ་བའི་བདམས་ཀ་ཞིག་ཡིན་མོད། བླ་སྲོག་ལས་བཤད་ན་འདི་ནི་བདམས་ཀ་ཉག་ཅིག་དེ་རེད་”ཅེས་གསུངས།  བློ་གྲོས་ཆེ་ལ་དཔའ་སྟོབས་ལྡན་པའི་ཤེས་ལྡན་པ་དེ་ཚོས་རྒྱལ་པོ་གཅེར་བུ་ཡིན་པ་བཤད་པ་དེས། མི་དམངས་ལ་རྒྱལ་པོའི་གོས་གསར་ལ་ལྟ་བའི་མིག་གསར་པ་ཞིག་སྦྱིན་པ་དང་། དེ་ལས་འདི་ནི་རྫུན་མ་དང་རྫུན་གཏམ་ཡིན་པ་འཕྲལ་མར་རྟོགས་པ་རེད། དེས་ན་གོ་སྐབས་བྱུང་འཕྲལ། ཁོང་ཚོའི་ལས་འགུལ་གྱི་རེ་འདུན་ནི་རྒྱལ་པོའི་གོས་གསར་གྱི་ལམ་ལུགས་ཧྲིལ་གྱིས་དོར་བའི་ཚད་འདིར་སླེབས་པ་ལས། རྒྱན་གོས་ཕྲན་བུ་ཙམ་འདོགས་པའི་རྒྱལ་པོ་གསར་པ་ཞིག་རེ་འབོད་དང་དེ་ལ་བཀུར་བསྟི་ཞུ་རྒྱུ་དེ་མ་རེད།

རྒྱ་ནག་གི་ལིག་པིང་ཡན་ཚོས་དོན་དུ་གཉེར་བ་དང་བློ་ཁ་གཏད་ས་ནི་ལྷག་བསམ་དཀར་བའི་བློན་པོ་ཞིག་བྱ་རྒྱུ་དང་། བློ་ལོག་ལྟ་ལོག་གི་བློན་པོ་ཞིག་བྱེད་འདོད་མེད་པ་དང་དེ་ལ་ཞེ་མེར་རྒྱག་གིན་ཡོད། འོན་ཀྱང་ས་ཧ་ཕུ་དང་ཧ་ཝེར་ཚོ་ནི་བློན་པོ་བཟང་ངན་གཉིས་ཀ་མི་བྱེད་པ་དང་། བློན་འབངས་ཙམ་ཡང་བྱེད་འདོད་མེད་དེ། ཁོང་ཚོ་ནི་རང་དབང་གི་མི་ཞིག་བྱེད་འདོད་པ་རེད། ཁོང་ཚོས་ཏང་ནང་བསྒྱུར་བཅོས་ཤོག་ཁག་དང་ཀླད་རྙིང་མཁྲེགས་བཟུང་ཤོག་ཁག་གི་བསམ་བཀོད་ལས་རྒྱང་དུ་མཆོངས་ཏེ། མི་བུ་སྒེར་པའི་ཁེ་དབང་སྲུང་བའི་རང་དབང་རིང་ལུགས་པའི་མཐོ་ཚད་ལ་ལངས་ནས། རྒྱལ་པོར་འགྲན་སློང་བྱས་པ་མ་ཚད། གོང་མའི་གཞུང་ཧྲིལ་གྱིས་སྤངས་པ་རེད། དེ་ལྟར་ཡོ་རོབ་ཤར་མ་དང་ཨུ་རུ་སུའི་མི་དམངས་ཀྱིས་རྒྱ་ནག་གི་གནམ་བདེ་སྒོ་མོའི་དམར་གསོད་ལྟ་བུའི་ཟུངས་ཁྲག་འཕོ་དགོས་མ་བྱུང་ཀྱང་། གུང་ཁྲན་སྒེར་གཅོད་ལམ་ལུགས་ལ་རྫོགས་ཚིག་བརྒྱབ་ཐུབ་ཡོད་པ་མ་ཟད་དེ་ནས་བཟུང་རང་དབང་ལོངས་སུ་སྤྱོད་དབང་བྱུང་བ་རེད།

དྲུག་བཞིའི་དམར་གསོད་བྱུང་ནས་ཡུན་རིང་མ་འགོར་བར། ཨ་རིའི་ནིའུ་ཡོག་གཙུག་ལག་སློབ་ཆེན་གྱི་དགེ་རྒན་ཆེན་མོ་མ་ཁོ་སེལ་ཏེན་གྱིས་དེ་གཉིས་ཀྱི་མི་འདྲ་ས་མགྱོགས་པོར་མཁྱེན་པ་དང་། ཁོང་གིས་བཀོད་པའི་སྡོམ་ཚིག་དེ་ད་ལྟ་ཡང་རྒྱ་ནག་མང་ཚོགས་ཚང་མས་བསམ་གཞིགས་ཟབ་མོ་བྱེད་རིན་ཡོད་པ་ཞིག་ཡིན་ཏེ།  “༡༩༨༩ལོའི་གནམ་བདེ་སྒོ་མོའི་ལས་འགུལ་དེས་གནའ་བོའི་གོང་མར་སྙན་འབུལ་དང་གོང་མ་གཞུང་གིས་དབང་གྲགས་གང་བྱུང་སྤྱོད་པར་རྩ་དོན་ཡོད་པའི་སྒོ་ནས་འགོག་རྒོལ་བྱེད་པའི་སྲོལ་རྒྱུན་དེའི་རྒྱུན་བསྲིངས་བ་ཙམ་ཡིན་པས།  ༡༩༨༩ལོའི་ཡོ་རོབ་ཤར་མར་བྱུང་བའི་ལས་འགུལ་མང་པོ་དག་དང་བསྡུར་ན། རྒྱ་ནག་གི་སློབ་མས་རང་གི་དབང་ཤུགས་ཀྱིས་སྒེར་སྡེམ་ལ་འགྲན་སློང་བྱས་ཡོད་མོད། འོན་ཀྱང་གུང་ཁྲན་ཏང་གི་དབང་སྒྱུར་གྱི་ཁྲིམས་མཐུན་རང་བཞིན་ལ་དོགས་གཅོད་བྱེད་ཚད་ཧ་ཅང་ཉུང་ཉུང་ཡིན།  པོ་ལན་ཀྲི་དང་ཧང་གོ་རི། འཇར་མན་ཤར་མའི་ལས་འགུལ་དག་ནི་སྤྱི་དམངས་ཀྱི་སྤྱི་ཚོགས་འདྲ་མིན་སྣ་ཚོགས་ཟུང་འབྲེལ་གྱིས་ཏང་དང་རྒྱལ་ཁབ་དང་ཁ་གཏད་དུ་ལངས་མཐར་གུང་ཁྲན་ཏང་གི་སྲིད་དབང་རྩ་སློག་བཏང་བ་རེད།”

Posted by: lhabu | 2010/06/23

ལྷ་ས་ནས་ཐར་བ།

ལྷ་ས་ནས་ཐར་བ།

ནགས་ཤོད་རིག་རལ།

  ལོ་བཞི་ཙམ་གྱི་སྔོན་དུ་ནོར་རྒྱས་ལྷོ་ཁ་རྩེད་ཐང་ནས་ལྷ་སར་སྒོར་མོ་བསྒྲུབ་པར་ཡོང་། 

   བོད་ཡུལ་དུ་རྒྱ་མི་ཉིན་བཞིན་ལྡབ་འགྱུར་གྱིས་མང་དུ་འགྲོ་བཞིན་པའི་དུས་ངན་འདིར། ཡར་ཀླུང་གི་གནས་འདི་རུ་ཡང་སྤུར་རྒྱལ་བཙན་པོ་རྣམས་བདེ་བར་གཟིམས་མི་བདེ་བ་ཞིག་དང་། བོད་མི་རྣམས་ཀྱི་རླུང་རྟ་ཡང་ལོ་མ་སྐམ་པོ་ལྟར་དུ་འཁུམ་བཞིན་པའི་རྣམ་པ་འདྲ་པོ་ཞིག་རེད། རྒྱ་མིས་ས་ཡི་བཅུད་བླངས་ལ་མཁའ་ཡི་རླུང་སྦགས་པར་བརྟེན་རི་ལ་རྩྭ་ཁ་མི་བཟང་ལ་ཞིང་ལ་ལོ་ཏོག་ཡང་ཡིད་ཚིམ་པ་ཞིག་འདོགས་དཀའ།  ལག་པའི་ནང་དུ་སྒོར་མོ་རེ་ཟུང་འཛིན་རྒྱུ་མེད་ན་ཆང་སླ་པོ་ཆུ་འདྲ་བོ་དེ་འཐུང་ཐུབ་རྒྱུ་ཕར་ཞོག་རྩམ་སྐྱ་ལྟོ་བ་བགྲང་བ་ཞིག་ཟ་ཐུབ་རྒྱུ་ཡང་དཀའ་བ་རེད།  དེ་ལྟར་ནོར་རྒྱས་རྩེད་ཐང་ནས་ཐོན་འདོད་མེད་ཀྱང་སྒོར་མོའི་དོན་དུ་ལྷ་སར་མ་ཡོང་ཐབས་མེད་བྱུང་ལ། བུ་ཕྲུག་ཆུང་མ་རྣམས་དང་བྲལ་འདོད་མེད་ཀྱང་འཚོ་བའི་བུ་ཡུག་གིས་དེད་བཞིན་ཡོང་དུས་ཁོ་ལ་ཡང་ཐབས་གཞན་ཅི།  

  སྤྱིར་ལྷ་ས་རུ་པོ་ཏ་ལ་དང་ཇོ་ཁང་གི་གསེར་ཏོག་སྔར་བཞིན་འོད་མདངས་འཚེར་བཞིན་ཡོད་ནའང་། སྲང་ལམ་ཁུག་ཀྱོག་ཚང་མ་ནས་རྒྱ་དྲི་ཉ་ཤུན་གྱི་རྫས་ངན་དེ་མཆེད་ཡོང་བ་དང་། ག་ས་གང་དུ་རྒྱ་སྐད་ཀྱི་ཐན་སྒྲ་འུར་འུར་དུ་སྒྲོག་བཞིན་པར་བརྟེན། ལས་ཀ་ངོ་དྲག་པ་ཞིག་རག་རྒྱུ་ནི་ཧ་ཅང་དཀའ་མོད། སྟབས་ལེགས་པ་ཞིག་ལ་གནས་ཚང་ཟླ་བ་ཡིས་ཁོ་རང་ལ་ཤིང་བཟོའི་ལག་གཡོག་བྱེད་ས་ཞིག་བཙལ་རོགས་བྱས།  ནོར་རྒྱས་ཆུང་དུས་ནས་ཕ་དམ་པ་དེའི་འཁྲིས་ནས་ཤིང་བཟོའི་ལག་རྩལ་མི་དམན་ཙམ་ཞིག་སྦྱངས་ཡོད་མོད།  ཉིས་སྟོང་ལོ་མ་ཟིན་ཙམ་ནས་རྩེད་ཐང་དུ་རྒྱ་མིའི་ཤིང་བཟོ་བུང་བ་རུབ་པ་ལྟར་འདུས་ཡོང་བར་བརྟེན་ཕ་དམ་པ་དེ་ལྔ་ལམ་དུ་མ་ཕེབས་གོང་ཁོང་ཚང་གི་ཡོང་འབབ་ནི་བརླན་དང་བྲལ་བའི་མེ་ཏོག་བཞིན་བཀྲག་གདངས་ཡལ་བཞིན་པའི་དུས་རེད། ངོ་མ་བོད་ཡུལ་འདིར་རྒྱ་མི་འདི་དག་གིས་ལྷམ་འཛེར་རྒྱག་པ་ནས་ཐང་ག་འབྲི་བའི་བར་གྱི་ལས་ཀ་དེ་དག་རེ་རེ་བཞིན་འཕྲོག་ནས་འགྲོ་དུས་བོད་པ་རྣམས་ཀྱི་འཚོ་བ་ནི་ལ་རྩེ་ཡི་དར་ལྕོག་བཞིན་ཆར་རླུང་གིས་གཙེས་དང་གཙེས་བཞིན་པ་རེད་ལ།  ད་དུང་གཞུང་ངན་པ་འདིས་དཀར་ནག་དབྱེ་འབྱེད་མེད་པར་ཕྱོགས་གང་ས་ནས་རྒྱ་མི་རྣམས་བོད་ཁུལ་དུ་རྐང་པ་འཛུགས་པར་མི་རྒྱུ་གཉིས་ཀྱིས་དཔུང་སྣོན་བྱེད་དུས་བོད་པ་རྣམས་ཁོང་ཁྲོ་ནས་དབུགས་རིང་དང་དབུགས་རིང་ནས་ཁོང་ཁྲོ་ལས་ཐབས་གཞན་གང་ཡོད།  

 ནོར་རྒྱས་ལྷ་སར་སླེབས་ནས་ཡུན་རིང་མ་འགོར་བར་གྲགས་པ་ཅུང་ཟད་ཡོད་པའི་བུ་ལགས་ཀྱི་བཟོ་གཡོག་ཏུ་སྡོད་རྒྱུ་བྱུང་བ་དེར་བལྟས་ན་ཁོ་རང་ཡང་ལས་མེད་ནང་གི་ལས་ཅན་ཞིག་ལ་བརྩི་ཆོག་ལ། ཤིང་བཟོའི་ལག་རྩལ་མཐོ་རུ་གཏོང་རྒྱུ་བྱུང་བའི་ཐོག་ཏུ་ཟླ་རེར་གླ་ཆ་རྒྱ་སྒོར་དྲུག་བརྒྱ་ཙམ་ལེན་རྒྱུ་ཡོད་པས་ཁོ་རང་གི་ཁོག་ཏུ་ཡང་སྣོན་མི་ཐུབ་པའི་དགའ་ཚོར་ཞིག་དང་བཞིན་ལས་ཀྱང་སྦས་མི་ཐུབ་པའི་འཛུམ་ཆུང་ཞིག་ཕྱུར་བཞིན་འདུག  ནོར་རྒྱས་ད་ལོ་ཕོ་ལོ་སུམ་ཅུའི་རྩེ་ལ་སོན་ཙམ་ཡིན་མོད། སྐྱིད་སྡུག་རྒོད་ཕོའི་རྭ་ཚིགས་འདྲ་ཟེར་བ་ལྟར་འཚོ་བའི་དཀའ་ཁག་གིས་ཁོ་རང་གི་རྣམ་ཤེས་ངལ་མྱོང་བ་དང་། ད་དུང་མཐོ་སྒང་གི་ཉི་འོད་དང་རླུང་བུས་གདོང་གི་པགས་པ་གཙེས་པར་བརྟེན་ཕར་བལྟས་ཚོད་ལ་ཕོ་ལོ་བཞི་བཅུར་ཉེ་བའི་མི་ཞིག་ལྟར་མངོན་ཡོང་།  ལྷ་སར་སླེབས་པ་ནས་བཟུང་། མི་ལྷོ་ཁ། བྱ་སྐྱ་ཀ་ཞེས་སྐབས་རེ་ལྷ་ས་བ་མགྲིན་པ་རིང་པོ་དེ་དག་གིས་འཕངས་པའི་མཐོང་ཆུང་གི་གཟན་ལེབ་མོ་འགའ་ནི་ཟ་རྒྱུ་འཁེལ་མོད། རྒྱ་མི་རྣམས་ལ་མི་འདོད་པའི་ཚོར་བ་ཉིན་བཞིན་འཕེལ་བཞིན་པའི་སྐབས་སུ་ལྷ་ས་བ་འགའ་ཤས་ཀྱི་མུག་སྐད་ལ་ཁོ་རང་གིས་སྣང་བ་གཏོང་མྱོང་མེད།  ཁོའི་སེམས་ཀྱི་སྦུག་ཅིག་ནས་ཀྱང་གསལ་པོར་མཐོང་ཐུབ་པ་ནི་ལྷ་ས་བ་འདི་དག་ཡང་རྒྱ་མིའི་རྐྱེན་གྱིས་གྱོང་ཕོག་པ་དང་། ས་ཞིང་དང་ལས་ཀ་ཤོར་བ་མ་ཚད་མང་པོ་ཞིག་གིས་ཕ་མེས་ནས་བཞག་པའི་ཁང་པ་དེ་དག་ཡང་ཤོར་ཚར་ཡོད།  ཁོ་རང་ལས་ཀ་བྱེད་སའི་ཤིང་བཟོ་བུ་ལགས་སྨྲ་བ་དེ་ལྟར་མི་མང་མོད།  བུ་ལགས་ཀྱི་འཁྲིས་ནས་མ་འོངས་ལ་སེམས་ཁྲལ་དང་བློ་དོགས་ཀྱི་དབུགས་རིང་དེ་ནི་ངམ་ངམ་གྱིས་ཚོར་ཡོང་བ་དང་སྐབས་རེ་བུ་ལགས་ཀྱིས། “ད་ང་ཚོར་ཤིང་བཟོའི་ཟ་མ་འདི་ད་དུང་ཇི་ཙམ་ཟ་སྐལ་ཡོད་པ་བརྗོད་དཀའ་བ་འདུག  ད་ལྟ་ལྷ་ས་རུ་ཤིང་བཟོའི་ལས་ཀ་བྱེད་མཁན་བརྒྱ་ཆ་བརྒྱད་ཅུ་ལྷག་རྒྱ་མི་ཡིན་པ་དང་། འདི་ཚོས་བོད་ལུགས་ཀྱི་ཤིང་ཆས་རྙིང་པ་རྫུན་བཟོ་དང་། རྒྱ་ལུགས་བོད་ལུགས་བསྲེས་ནས་བཟོ་བ། སྐབས་རེ་གོང་ཆེན་དང་སྐབས་རེ་གོང་ཆུང་བྱེད་པ་སོགས་ཚད་འཛིན་ས་མེད་པ་ཞིག་འདུག་”ཅེས་སེམས་ཁྲལ་བྱེད་ཐེངས་རེར་ནོར་རྒྱས་ཀྱི་སེམས་པ་གྲང་ལྷང་ལྷང་དུ་འགྲོ་བ་དང་མིག་ལམ་དུ་མ་འོངས་ཀྱི་འཚོ་བའི་ལམ་བུ་ཡང་རབ་རིབ་ཙམ་ལས་འཆར་མི་ཐུབ། 

 ནོར་རྒྱས་ཀྱིས་ལས་ཀའི་ཞོར་དུ་བར་སྐོར་དང་། རྩེ་སྐོར། གླིང་སྐོར་ལ་འགྲོ་གང་ཐུབ་བྱས་པ་དང་། ཚེས་བཟང་དུས་བཟང་སྐབས་སུ་རྒྱ་གཞུང་ནས་བོད་པ་རྣམས་འདི་རུ་འགྲོ་མི་ཆོག་དང་། ཕ་གི་ན་འགྲོ་མི་ཆོག་ཅེས་རྒྱ་རིམ་པ་གསུམ་གྱིས་བསྐོར་ཀྱང་འགྲོ་འདོད་པ་དེ་དག་ལ་ཨེ་སླེབས་མི་སླེབས་བལྟས།  ཁོ་རང་གི་ངོས་ནས་བཤད་ན་ཉིན་གཅིག་རིང་དུ་དུས་ཚོད་འགྲོ་མགྱོགས་ཤོས་ནི་མཚན་མོ་གནས་ཚང་ཟླ་བ་དང་ལྷན་དུ་བོད་ཕྱི་ནང་གི་གནས་ཚུལ་གླེང་བཞིན་པའི་དུས་སྐབས་དེ་རེད། གནས་ཚང་ཟླ་བས་༸གོང་ས་མཆོག་དང་ཀརྨ་པ་མཆོག་ནས་བཙན་བྱོལ་བྱིས་པའི་སློབ་གྲྭ་བར་དུ་གླེང་ཐེངས་རེར་གཏམ་དེ་དག་ཁོ་རང་གི་རྣ་རུ་བུ་རམ་བཞིན་དུ་སྙན་པ་དང་། རང་གི་བུ་མོ་གཉིས་ཀྱང་དེ་རུ་སློབ་གྲྭ་གཏོང་རྒྱུ་བྱུང་ན་ཅི་མ་རུང་སྙམ་པའི་ཞོར་དུ་གནས་ཚང་ཟླ་བས་“༸གོང་ས་མཆོག་སྐུ་ངལ་ཆེན་པོ་རེད་དྰ་”ཟེར་བ་དེ་དག་ཡིན་ལ་དྲན་རྗེས་རང་གི་རྔམ་སེམས་ལ་ཡང་ངོ་གནོང་སྐྱེ་ཡོང་།

དེ་ལྟར་ཉིས་སྟོང་བརྒྱད་ལོའི་ས་བྱི་འོས་ལངས་དེ་ལྷ་སར་ལངས་སྐབས་ནོར་རྒྱས་ཡང་ཚམ་ཚོམ་ཅི་ཡང་མེད་པར་མི་ཚོགས་ཀྱི་ནང་དུ་ཁུ་ཚུར་བསྒྲེང་བཞིན་ཤོར།  ཉིན་དེ་ཤས་ཁོ་རང་ལས་ཀར་ཕྱིན་མེད་པ་དང་ཉིན་དེ་ཤས་ཁོ་རང་གི་སེམས་སུ་ལས་ཀ་དྲན་ཙམ་ཡང་མ་བྱས།  ཚེས་༡༤ཉིན་ཉི་གཞོན་གྱི་འོད་ཐིགས་བུམ་པ་རིའི་རྩེ་མོར་འཕྲོས་པ་ནས་བཟུང་ཁོ་རང་མང་ཚོགས་དང་ལྷན་དུ་སྐད་འབོད་བྱེད་པར་ཕྱིན། གཙུག་ལག་ཁང་མདུན་དང་བར་སྐོར་ནང་དུ་བོད་མི་རྣམས་ཀྱིས་ངོ་རྒོལ་སྐད་འབོད་བྱེད་བཞིན་འདུག་ལ། “རྒྱལ་བ་རིན་པོ་ཆེ་ཁྲི་ལོ་བརྟན་པར་ཤོག  པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་གློད་དཀྲོལ་གཏོང་དགོས།  རྒྱ་མི་བོད་ནས་ཁ་བྲལ་དགོས་”ཞེས་པའི་འབོད་ཚིག་གཅིག་རྗེས་གཉིས་མཐུད་དུ་གྲགས་བཞིན་འདུག  དུས་སྐབས་དེར་ནོར་རྒྱས་ཀྱི་སེམས་ཁོངས་སུ་ཡང་རང་དབང་གི་འཕར་རྩྭ་ལྡིང་བཞིན་པ་དང་། དུས་སྐབས་དེར་ནོར་རྒྱས་ཀྱི་ལུས་པོའི་ཐོག་ཏུ་འཁོལ་བཞིན་པའི་ཟུངས་ཁྲག་ཡོད་ཚད་ནི་རང་དབང་གི་ཟུངས་ཁྲག་རེད།   ཚོར་བ་དེ་དང་མྱོང་བ་དེ་ནི་སྨྲ་བརྗོད་ཀྱི་ལམ་ལས་འདས་པའི་བདེ་བ་ཞིག་རེད་ལ་སྒེར་གཅོད་ཀྱི་སྲིད་དབང་འོག་ཏུ་འཚོ་བའི་མི་རྣམས་ཀྱིས་ཉིན་རྒྱུན་བཞིན་ལོངས་སུ་སྤྱོད་མི་ཐུབ་པའི་བདེ་བ་ཞིག་རེད། རང་དབང་གི་བྲོ་བ་དེ་ནི་ཇ་སྲུབས་མའི་བཅུད་དང་། གོས་ཚ་རུའི་འཇམ། ནོར་ལོངས་སྤྱོད་ཀྱི་རྟེན་དང་བུ་བུ་མོའི་འཛུམ་སོགས་བདེ་བ་གང་གིས་ཀྱང་མཚོན་ཐབས་མི་འདུག   ནོར་རྒྱས་ཀྱིས་ཀྱང་མི་ཚོགས་ཀྱི་ཁྲོད་དུ་སྐད་འབོད་དེ་དག་རང་གི་སྙིང་ཁ་བཤགས་བཞིན་དུ་བོས། 

 མཁའ་དབྱིངས་སུ་སྤྲིན་ནག་རིམ་བཞིན་འདུ་བཞིན་པ་དང་གཙུག་ལག་ཁང་གི་གཡས་གཡོན་ཏུ་རྒྱ་དམག་གི་གྲིབ་སོ་རིམ་བཞིན་མཆེད་ཡོང་།  གློ་བུར་དུ་མེ་མདའི་སྐད་སྒྲ་གཅིག་རྗེས་གཉིས་མཐུད་དུ་གྲགས་པ་དང་མི་ཚོགས་རྣམས་ཀྱང་གཡས་གཡོན་གང་སར་འཐོར། ནོར་རྒྱས་ཀྱིས་མིག་གིས་མངོན་སུམ་དུ་རང་གི་མདུན་དུ་མི་ཞིག་འགྱེལ་ཕྱིན་པ་མཐོང་བ་དང་རང་གི་དཔུང་མགོ་རུ་ཡང་ཚ་ཕྱུར་ཕྱུར་གྱི་ཚོར་བ་ཞིག་སྐྱེས།  ནོར་རྒྱས་ནང་དུ་འབྱོར་སྐབས་གནས་ཚང་ཟླ་བ་དང་ཁོང་གི་བུ་དང་མནའ་མ་སྔ་ས་ནས་ནང་དུ་སླེབས་ཚར་འདུག  ཟླ་བས་ནོར་རྒྱས་མཐོང་བ་དང་“ཁྱེད་རང་ལོག་སླེབས་པ་ཡག་པོ་བྱུང་། ང་ཚོས་ཁྱེད་རང་ལ་སེམས་ཁྲལ་བྱེད་བཞིན་པའི་སྒང་ཡིན་”བཤད་བཞིན་པའི་སྐབས་དེར། ཟླ་བ་ཚང་གི་མནའ་མས། ཨ་མ་མ་ཞེས་སྐད་ཤོར་བ་དང་སྦྲགས་ལག་པས་ཁ་འགེབས་བཞིན། “ཅོག་ནོར་རྒྱས་ལ་མེ་མདའ་ཐེབས་འདུག་”ཟེར།  ཁྲག་དམར་དེ་དག་ནི་ནོར་རྒྱས་ཀྱི་པུས་མོ་བར་དུ་བཞུར་ཚར་བ་མ་ཟད་དཔུང་པ་གཡོན་པ་ནས་པུས་མོ་བར་དུ་གོས་ཀྱི་ཚོས་ཀྱང་འགྱུར་ཚར་འདུག སྟབས་ལེགས་པ་ཞིག་ལ་མདེའུ་དེ་ནི་བྲང་དང་དཔུང་པའི་འདུས་མཚམས་སུ་འཁེལ་བས། ནོར་རྒྱས་ཁོ་རང་གི་ངག་ནས་ཀྱང་གུ་རུ་རིན་པོ་ཆེས་བསྐྱབས་འདུག་ཅེས་ལན་འགའ་ཤས་བརྗོད། གནས་ཚང་ཟླ་བས་རྨ་ཁ་ལ་རྨ་སྨན་དང་རྨ་རས་དཀྲི་བ་སོགས་ཐབས་ཤེས་གང་ཡོད་ཀྱིས་ཁྲག་འགོག་པའི་ཛ་དྲག་གི་ལས་ཀ་དེ་མཇུག་བསྒྲིལ་རྗེས། ད་དུང་དེ་དང་འདྲ་བའི་ཛ་དྲག་གི་གནས་ཚུལ་གཞན་ཞིག་ལྷག་ཡོད་པ་གཞི་ནས་ཚོར།

ཉིན་མ་དེའི་དགོང་མོ་ནས་བཟུང་རྒྱ་དམག་རྣམས་ཀྱིས་ལྷ་སའི་སྨན་ཁང་དག་ནས་མི་རྨས་མ་ཐམས་ཅད་བཙོན་ལ་འཁྲིད་འགྲོ་བ་དང་། ད་དུང་ཁྱིམ་དང་ཁྱིམ་བརྒྱུད་ནས་ཕྱོགས་མི་དང་རྨས་མ་སྔོག་བཤེར་བྱེད་འགོ་ཚུགས། ཟླ་བ་ཚང་ཡང་སེམས་ཁྲལ་གྱིས་སྡོད་མི་ཚུགས་པར་གྱུར་པ་དང་ནང་མི་རྣམས་ཅི་དྲག་གང་དྲག་བརྗོད་བཞིན་པའི་སྐབས་སུ།  ཁྱིམ་མཚེས་དབང་ཕྱུག་དེར་ཡོང་ནས། “ད་ཐབས་ཤེས་བཟང་ཤོས་ནི་ནོར་རྒྱས་ལགས་པད་མ་བཟའ་ཚོ་གཉིས་ཀྱི་ཁྱིམ་ནང་དུ་བཅུག་འཇོག་རྒྱུ་དེ་རེད། ཁོང་གཉིས་ད་ལྟ་རྒྱ་ནག་ཏུ་ཕྱིན་པས་ལྡེ་མིག་ངའི་ལག་པར་ཡོད། ང་ཚོས་རྒྱ་དམག་ལ་ཁོང་གཉིས་རྒྱ་ནག་ལ་ཕྱིན་པར་བཤད་ན་སྒོ་གཏོར་མི་ཡོང་”ཟེར། གནས་ཚང་ཟླ་བས་ཐབས་ཤེས་དེ་མི་སྡུག་རྒྱུ་མི་འདུག་ཅེས་གཏམ་སྣེ་མ་རྫོགས་གོང་། ཟླ་བའི་བུས། “དེ་འདྲ་རྩ་བ་ནས་ཡོང་གི་མ་རེད། གལ་སྲིད་རྒྱ་དམག་གིས་སྒོ་གཏོར་ནས་ཧ་གོ་བ་ཡིན་ན། པདྨ་གཟའ་ཚོ་གཉིས་དང་ཨ་ཁུ་དབང་ཕྱུག་རང་ལ་ཡང་སྡུག་ཕོག་ངེས་རེད། དེ་ལས་དོ་དགོང་ག་རེ་བྱས་ཀྱང་འདི་རུ་མི་སྡོད་ཐབས་མེད་རེད། སང་ཉིན་ཞོགས་པ་མི་ཞིག་གིས་འདི་ནས་ཆུ་ཤུལ་བར་དུ་བསྐྱེལ་ཨེ་ཐུབ་བལྟ་རྒྱུ་དང་། རྩེད་ཐང་ནས་རླངས་འཁོར་བོས་དེ་ཆུ་ཤུལ་ནས་བསུས་ཕྱིན་ན་ལྷ་ས་ནས་ཐར་ཐུབ་”ཟེར།  ནོར་རྒྱས་ཀྱིས་ཨུ་ཚུགས་ཀྱིས་དགོང་མོ་དེ་རང་དུ་གནས་ཚང་ནས་ཐོན་འདོད་པ་དང་། གནས་ཚང་ལ་རྙོག་དྲ་བསླངས་འདོད་མི་འདུག་བཤད་མོད་ཟླ་བ་ཚང་གིས་རྩ་བ་ནས་མ་བཏང་།

 ཕྱི་ཉིན་ནམ་གསལ་རྗེས་གནས་ཚང་ཟླ་བ་ཕ་བུ་གཉིས་ཀྱིས་སྔ་ས་ནས་བཀོད་སྒྲིག་བྱས་པ་ལྟར་ནོར་བུའི་འཁོར་གསུམ་རྐང་འཁོར་ནང་དུ་ནོར་རྒྱས་དོ་པོའི་ཚུལ་གྱིས་བཞག་པ་དང་དེའི་ཐོག་ཏུ་སྒམ་ཤག་ཡང་པོ་ཞིག་བཞག་རྗེས་ཆུ་ཤུལ་དུ་སྐྱེལ་བར་བཏང་། ནོར་བུ་དང་ཟླ་བའི་བུ་གཉིས་ནི་ཆུང་དུས་ནས་གྲོགས་པོ་ཡིན་པ་དང་། ཕྱིས་སུ་ཟླ་བའི་བུ་ལ་སྒོ་སྲུང་གི་ལས་ཀ་ཐེབས་ཆག་ཅིག་རག་མོད། ནོར་བུ་ནི་འཁོར་གསུམ་རྐང་འཁོར་བཏང་ནས་ད་བར་ལོ་མང་པོ་ཕྱིན་ཚར། མདང་དགོང་ཟླ་བའི་བུས་ལས་འགན་དེ་ནོར་བུར་བསྐུལ་དུས་ཁོང་གིས་འཕྲལ་མར་ཁས་བླངས། 

  ཞོགས་རླུང་ཁྲོད་དུ་ལྷ་སའི་མཁའ་དབུགས་ནང་ད་དུང་མེ་མདའི་རྫས་དྲི་ཚོར་ཐུབ་པ་དང་། རྩིག་ཟུར་དང་ལམ་མདོ་ཚང་མར་རྒྱ་དམག་ཡོད་པས་མ་ཚད།  མཚམས་མཚམས་ལམ་ཟུར་དང་རྩིག་ངོས་དག་ནས་ཀྱང་ཟུངས་ཁྲག་གི་ཤུལ་རྗེས་མཐོང་རྒྱུ་འདུག  ནོར་བུས་སྣང་བ་སྣང་མེད་ཚུལ་དུ་ནམ་རྒྱུན་ལྟར་འཁོར་གསུམ་རྐང་འཁོར་མདུན་དུ་བསྐོར།  ཆུ་ཤུལ་ནས་ལྷ་ས་བར་དུ་རྐང་ཐང་ལ་ཕྱིན་ན་ཆུ་ཚོད་འགའ་ཡི་ལམ་ཐག་ཡོད་ཅིང་། ནོར་བུས་ཕར་བལྟ་ཚུར་བལྟའི་ངང་དུ་འཁོར་གསུམ་རྐང་འཁོར་དེ་ཉིད་གཏོང་འགྲོ་བའི་སྐབས་སུ་ལམ་ཟུར་གྱི་རྒྱ་དམག་རྣམས་ནི་དོན་ག་གེ་མོ་ཞིག་ལ་མགོ་འཁོར་བའམ། ནོར་བུ་མཐོང་མཁན་དེ་ཚོས་སྒམ་ཤག་དབོར་མཁན་ལ་འཁྲུལ་ནས་སྔོག་བཤེར་མི་བྱེད་པ་ནི་དཔལ་ལྷ་མོས་བསྐྱབས་པ་ཡིན་ངེས་རེད། 

ཆུ་ཤུལ་དུ་སླེབས་རྗེས་གླ་བྱེད་རླངས་འཁོར་གཏོང་མཁན་རིག་འཛིན་ཉི་མས་སྔ་ས་ནས་ལམ་འགྲམ་དུ་སྒུག་བསྡད་ཡོད་པ་དང་། ནོར་བུ་དང་ཁ་བརྡ་ཐུང་ངུ་ཞིག་བྱས་འཕྲལ་ནོར་རྒྱས་རླངས་འཁོར་ནང་བཞག་ནས་རྩེད་ཐང་གི་ཕྱོགས་སུ་ཤོར་སོང་།

Older Posts »

Categories